ཧཱ་མཱ་སིའི་མགོ་ཁྲིད་པ་ཨེ་ཅིབ་ཏུ་འབྱོར་ནས་ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པ་དང་བཀག་འཇུག་མི་སྣ་བརྗེ་སྤོར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས།
2023.12.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཨེ་ཅིབ་ཀྱི་གཏོར་གཟུགས་མཆོད་རྟེན་ཚགས་པར་གྱིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། ཕཱ་ཁི་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མགོ་ཁྲིད་པ་ཧཱ་ནེ་ཡཱ་ཡིས་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་འབྱོར་ནས། ཨེ་ཨིར་ཕྱོགས་དང་མཉམ་དུ་ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པ་དང་བཀག་འཇུག་མི་སྣ་བརྗེ་སྤོར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས།

སྔོན་ཆད་ཀྱི་ཕཱ་ལེ་སི་ཐན་གྱི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། ཧཱ་ནེ་ཡཱ་སོགས་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་ཨེ་ཅིབ་ཏུ་འབྱོར་བ་རེད་ཟེར།

གཏོར་གཟུགས་མཆོད་རྟེན་ཚགས་པར་གྱིས་མིང་བཤད་མི་འདོད་པའི་འབྲེལ་ཡོད་མི་སྣ་ཞིག་གི་སྐད་ཆ་དྲངས་ནས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་ནས་འཁྲུག་རྩོད་མཚམས་འཇོག་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། བཀག་འཇུག་མི་སྣ་ཕྱིར་གཏོང་བ་དང་ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་མེད་པར་གཏོང་བའི་ཐད་གྲོས་མཐུན་ཞིག་གྲ་སྒྲིག་བྱེད་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་ཙུང་ཐུང་ཧི་ཨར་ཙོ་ཀི་ཡིས་ཚེས་བཅུ་དགུ་ཉིན་བསྟན་དོན། དབྱི་སི་རལ་གྱིས་ཡང་བསྐྱར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་དང་སྔར་ལས་མང་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་དུ་བཅུག་སྟེ། སྔར་ལས་མང་བའི་བཀག་འཇུག་མི་སྣ་དག་ཅཱ་ཧྲ་ས་ཁུལ་ནས་ཕྱིར་གཏོང་བར་སྐུལ་མ་གཏོང་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།