ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཉིན་དེར་ཅི་ཧྥུའུ་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱིས་བཏོན་པའི་ཞི་བདེའི་ཇུས་གཞི་དང་ལེན་བྱེད་རྩིས་བྱེད་པའི་གནས་ཚུལ་འོག ཝུའུ་ཁི་ལན་དང་ཨུ་རུ་སིའི་བར་གྱི་གྲོས་མོལ་སྤེལ་ན་ད་གཟོད་དོན་སྙིང་ལྡན་པ་ཡིན། མིག་སྔར་ད་རུང་གྲོས་མོལ་དེ་འདྲ་སྤེལ་བའི་རེ་བ་མེད་ཟེར།
ཙེ་ལེན་སི་ཅི་ཡིས་བསྟན་དོན། ཝུའུ་ཁི་ལན་ཨུ་རུ་སིས་བཟུང་བའི་མངའ་ཁོངས་མ་འདུས་པའི་སྣང་ཚུལ་གྱིས་བྱང་ཆིངས་རྩ་འཛུགས་ནང་ཞུགས་སུ་འཇུག་པ་དེ་ཝུའུ་ཁི་ལན་ལ་མཚོན་ན་དང་ལེན་བྱེད་ཐབས་མེད། རྒྱུ་མཚན་ནི་ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་མངའ་ཁོངས་སྐོར་ཞིག་བཟུང་ཡོད་པ་ཁས་ལེན་མི་བྱེད་པས་ཡིན་ཟེར།
གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཙེ་ལེན་སི་ཅི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དུས་ནམ་ཞིག་ལ་མཇུག་སྒྲིལ་བ་སུས་ཀྱང་མི་ཤེས། མིག་སྔར་ཝུའུ་ཁི་ལན་གྱི་གནས་བབ་ལ་དཀའ་སྡུག་ཆེ་ཡང་ཝུའུ་ཁི་ལན་ཨུ་རུ་སིས་ཕམ་ཉེས་སུ་གཏོང་ཐུབ་པར་བསམ་མེད་ཟེར།
ཙེ་ལེན་སི་ཅི་ཡིས་བལྟས་ན། ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་མངའ་ཁོངས་སམ་ཏོན་པཱ་སི་ས་ཁུལ་འཛིན་པའི་དམིགས་འབེན་མངོན་འགྱུར་བྱས་མེད་ལ། ཝུའུ་ཁི་ལན་ཕྱོགས་ཀྱིས་མཚོ་ནག་ཕྱོགས་ནས་ཕྱིར་རྒོལ་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་གི་ཝུའུ་ཁི་ལན་གྱི་ཉེ་འདབས་མཚོ་ཁོངས་ཀྱི་ཚོད་འཛིན་དབང་ཆ་ཤོར་ཡོད་པར་འདོད།
ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉི་ཤུ་ཉིན་ཙེ་ལེན་སི་ཅིར་ལན་སྟེར་སྐབས་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་མིག་སྔར་མངོན་འགྱུར་བྱེད་ཐབས་མེད། རྒྱུ་མཚན་ནི་ཞི་བའི་གྲོས་མོལ་གྱི་རྨང་གཞི་དང་ཁུངས་ལུང་། སྔོན་འགྲོའི་ཆ་རྐྱེན་བཅས་མེད་པས་ཡིན་ལ། ཝུའུ་ཁི་ལན་ཕྱོགས་ཀྱིས་ཁྲིམས་བཙུགས་ནས་ཨུ་རུ་སིའི་བར་གྱི་གྲོས་མོལ་གཏན་འགོག་ཀྱང་བྱས་མེད་ཟེར། ཕའེ་སི་ཁི་ཧྥུའུ་ཡིས་བལྟས་ན། ཝུའུ་ཁི་ལན་གྱིས་བཤད་པའི་ཞི་བདེའི་ཇུས་གཞི་ནི་ལུགས་མེད་ཅིག་ཡིན་ལ། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སི་ཞུགས་མེད་པའི་གནས་ཚུལ་འོག་ཞི་བདེ་འཚོལ་ཞིབ་བྱེད་རྩིས་ཡོད་པས། དེར་གྲུབ་འབྲས་ཅི་ཡང་ཐོབ་མི་སྲིད་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།