ཨན་ཁོ་ལཱ་ཡིས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས།
2023.12.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཨན་ཁོ་ལཱའི་གཏེར་ཁའི་ཐོན་ཁུངས་དང་རྡོ་སྣུམ། རང་བྱུང་སོལ་རླངས་བཅས་ཀྱི་པུའུ་ཀྲང་ཨ་ཙེ་ཝེ་ཏའོ་ཡིས་ཚེས་ཉེར་གཅིག་ཉིན་རྒྱལ་ས་ལོ་ཨན་ཏཱ་ནས་ཁྱབ་བསྒྲགས་བྱས་དོན། ཨན་ཁོ་ལཱ་ཡིས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ལས་ཕྱིར་འབུད་རྒྱུ་ཐག་བཅད་ཡོད། ཆོད་དོན་དེ་ཨན་ཁོ་ལཱའི་ཙུང་ཐུང་ལོ་ལོན་སོ་ཡིས་བཀོད་པའི་ཙུང་ཐུང་བཀའ་རྒྱ་བརྒྱུད་དེ་དངོས་སུ་ནུས་ལྡན་དུ་གྱུར་ཡོད་ཟེར།

ཨ་ཙེ་ཝེ་ཏའོ་ཡིས་བསྟན་དོན། རང་སྟེང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཆེད། ཨན་ཁོ་ལཱ་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ལས་ཕྱིར་འབུད་རྒྱུ་ཐག་བཅད་པ་ཡིན་ཟེར། ཁོས་བཤད་རྒྱུར། ཨན་ཁོ་ལཱ་ཡིས་དེའི་སྔོན་ནམ་རྒྱུན་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འབད་འབུངས་བྱེད་བཞིན་ཡོད་ཀྱང་། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ལས་ཁེ་ཕན་གང་ཡང་ཐོབ་མེད་ཟེར།

ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། ཨན་ཁོ་ལཱའི་གཏེར་ཁའི་ཐོན་ཁུངས་དང་རྡོ་སྣུམ། རང་བྱུང་སོལ་རླངས་བཅས་ཀྱི་ལས་དོན་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱིས་ཨན་ཁོ་ལཱའི་མ་བཅོས་རྡོ་སྣུམ་གྱི་ཐོན་ཚད་ཁ་གྲངས་ཉིན་རེར་ཆ་སྙོམས་ཟོ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཅིག་ཡིན་ལ། ཨན་ཁོ་ལཱ་ཡིས་གྲོས་གཞི་བཏོན་པའི་ཉིན་རེར་ཆ་སྙོམས་ཟོ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བརྒྱད་དང་མི་འཚམ་པས། ཨན་ཁོ་ལཱ་ཡིས་དོན་དེའི་ཐད་ནས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་ལ་ངོ་རྒོལ་འཕྲིན་ཡིག་བསྐུར་བ་ཡིན་ཟེར།

ཨན་ཁོ་ལཱའི་རྒྱལ་ཁབ་རྡོ་སྣུམ་དང་རང་བྱུང་སོལ་རླངས། སྐྱེ་དངོས་འབར་རྫས་བཅས་ཀྱི་ལས་དོན་ཅུའུ་ཡི་གཞི་གྲངས་ལྟར་ན། ཟླ་བཅུ་གཅིག་པར་ཨན་ཁོ་ལཱའི་ཉིན་རེའི་མ་བཅོས་རྡོ་སྣུམ་གྱི་ཐོན་ཚད་ཟོ་ས་ཡ་གཅིག་དང་ཁྲི་བརྒྱད་ཡིན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།