ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་གནས་སྤོར་སྡོད་དམངས་ཀྱི་བཅའ་ཁྲིམས་འཆར་ཟིན་ལས་རྒྱལ་ཁབ་ལ་འགོག་སྲུང་ནུས་པ་ཐོན་ཡོད་པའི་ཚུལ་བསྟན།
2023.12.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། གསར་དུ་གྲོས་མཐུན་བཀོད་པའི་གནས་སྤོར་སྡོད་དམངས་ཀྱི་བཅའ་ཁྲིམས་འཆར་ཟིན་ནི་ཧྥ་རན་སིར་མཁོ་གལ་ཆེ་བ་དང་། རྒྱལ་ཁབ་ལ་འགོག་སྲུང་ནུས་པ་ཐོན་ཡོད་ཟེར།

ཧྥ་རན་སིའི་གྲོས་ཁང་གོང་མ་དང་གྲོས་ཁང་ཞོལ་མས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་གནས་སྤོར་སྡོད་དམངས་ཀྱི་བཅའ་ཁྲིམས་འཆར་ཟིན་ཞིག་ལ་གྲོས་མཐུན་བཀོད་དེ། ཕྱི་ཡོང་གནས་སྤོར་སྡོད་དམངས་ཀྱི་དོ་དམ་བྱེད་ཐབས་ནན་མོ་གཏན་འཁེལ་བྱས། བཅའ་ཁྲིམས་འཆར་ཟིན་གསར་བ་ལས་རྒྱལ་ཁབ་གཞན་པའི་མི་སྣས་ཁྱིམ་ཚང་དང་སྡོད་ཁང་སོགས་སྤྱི་ཚོགས་ཀྱི་ཕན་བདེ་སྐོར་ཞིག་ལོངས་སྤྱོད་བྱེད་པའི་དཀའ་ཁག་ཇེ་ཆེར་བཏང་ཡོད་པ་དང་། མ་འོངས་པའི་ལོ་ངོ་གསུམ་ནང་ཕྱི་ཡོང་གནས་སྤོར་སྡོད་དམངས་ཀྱི་ཁ་གྲངས་ལ་ཚོད་འཛིན་བྱེད་རྒྱུ་རེད། ཕྱོགས་རེ་འགའ་ནས་ཧྥ་རན་སིའི་རྒྱལ་ཁབ་ལ་ཞུགས་པའི་ཆ་རྐྱེན་ཇེ་མཐོར་བཏང་ཡོད་ལ། ཁྲིམས་འགལ་གྱི་བྱ་སྤྱོད་དེ་ཉེས་དོན་བཅའ་ཁྲིམས་ནང་བྲིས་ནས་ཕྱི་རྒྱལ་བས་སྨན་བཅོས་དང་འཚོ་སྡོད་ཀྱི་རེ་ཞུ་བྱེད་པའི་དཀའ་ཁག་ཇེ་ཆེར་བཏང་ཡོད།

མཱ་ཁི་ལུང་གིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་སྨྱན་བྱད་ལ་གནས་སྤོར་སྡོད་དམངས་ཀྱི་བཅའ་ཁྲིམས་འཆར་ཟིན་གསར་བ་གླེང་སྐབས་བཤད་རྒྱུར། ཧྥ་རན་སི་གནས་སྤོར་སྡོད་དམངས་གནད་དོན་ལ་འཕྲད་ཡོད་པ་ངོ་མ་ཡིན་ལ། སྲིད་གཞུང་གིས་དངོས་ཡོད་ནས་མགོ་བརྩམས་ཏེ་གནས་ཚུལ་ལེགས་བཅོས་བྱེད་དགོས་ཟེར། ཁོས་ད་རུང་བསྟན་དོན། གནས་སྤོར་སྡོད་དམངས་བཅའ་ཁྲིམས་སྔར་ལས་ནན་མོ་ཡིན་ཡང་། ཧྥ་རན་སི་ཡིས་མུ་མཐུད་དུ་གནས་སྤོར་སྡོད་དམངས་དང་ལེན་བྱེད་རྒྱུ་ཡིན་ཟེར།

ཧྥ་རན་སིའི་སྲིད་གཞུང་གི་མགྲིན་ཚབ་པ་ཝེ་ལིང་གིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། གནས་སྤོར་སྡོད་དམངས་ཀྱི་བཅའ་ཁྲིམས་འཆར་ཟིན་གསར་བ་དེ་ཧྥ་རན་སིའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ་ཞིབ་བཤེར་བྱེད་དུ་བཅུག་ཡོད་ཟེར། ཁོས་བཤད་རྒྱུར། གནས་སྤོར་སྡོད་དམངས་ཀྱི་གྲོས་གཞི་ལས་ཧྥ་རན་སི་ནས་འགལ་བ་འབྱུང་སྲིད་པས། མཐུན་སྒྲིལ་དང་ནུས་ལྡན། དྲང་བདེན་བཅས་ཀྱི་ཇུས་གཞི་ཞིག་འཚོལ་ཞིབ་བྱེད་དགོས་ཟེར།

ལས་རིམ་ལྟར་ན། གནས་སྤོར་སྡོད་དམངས་ཀྱི་བཅའ་ཁྲིམས་འཆར་ཟིན་ལ་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་རྗེས། ཙུང་ཐུང་ལ་སྤྲད་ནས་སྤེལ་དགོས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།