ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་ཚེས་ཉེར་གཅིག་ཉིན་བསྟན་དོན། ཐུ་ནི་ཞི་ཡཱ་ཡིས་མུ་མཐུད་དུ་ཕཱ་ལེ་སི་ཐན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནུས་པ་འདོན་སྤེལ་བྱས་ནས། སྔ་མོ་ནས་ཕཱ་ལེ་སི་ཐན་མི་དམངས་ཀྱིས་མྱོང་བའི་དཀའ་སྡུག་མཇུག་སྒྲིལ་དུ་འཇུག་དགོས་ཟེར།
ཐུ་ནི་ཞི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གནས་ཚུལ་ལྟར་ན། སེ་དབྱེ་ཏི་ཡིས་ཚེས་ཉེར་གཅིག་ཉིན་རྒྱལ་ས་ཐུ་ནི་ཞི་ཡཱ་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཐུག་འཕྲད་བྱེད་སྐབས་ནན་གྱིས་བསྟན་དོན། ཐུ་ནི་ཞི་ཡཱ་ཡིས་མུ་མཐུད་དུ་ཆ་རྐྱེན་ཅི་ཡང་མེད་པར་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ཚང་མ་སླར་གསོ་བྱེད་པ་དང་། སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཐུག་འཕྲད་བྱས་རྗེས་སྨྱན་བྱད་ལ་བཤད་རྒྱུར། ཨུ་རུ་སི་དང་ཐུ་ནི་ཞི་ཡཱ་རྒྱལ་ཁབ་གཉིས་བར་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་། ཅཱ་ཧྲ་ས་ཁུལ་ལ་བྲེལ་མྱུར་རོགས་སྐྱོར་འདོན་སྤྲོད་བྱེད་པ་སོགས་གནད་དོན་ཐད་ཐུན་མོང་གི་ལྟ་ཚུལ་རྒྱ་ཆེན་པོ་ཡོད་ཟེར། ཁོས་ད་རུང་ཨ་མེ་རི་ཁས་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་བཀག་རྒྱ་བཟོས་པར་སྐྱོན་འཛུགས་བྱས་པར་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་གྲོས་ཆོད་འཆར་ཟིན་དེ་ཁས་ལེན་མ་བྱས།
སེ་དབྱེ་ཏི་ཡིས་ཐུག་འཕྲད་བྱེད་སྐབས་ད་རུང་ཐུ་ནི་ཞི་ཡཱ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་བརྒྱུད་རིམ་ཕྱིར་དྲན་བྱས་པ་དང་། ཐུ་ནི་ཞི་ཡཱ་ཡིས་སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སིའི་བར་གྱི་མཛའ་བརྩེ་འབྲེལ་བར་ཤུགས་སྣོན་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་པའི་ཚུལ་བསྟན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་ཡིས་སྔར་ལས་ལྷག་པའི་སྒོ་ནས་ཐུ་ནི་ཞི་ཡཱ་བར་གྱི་འབྲུ་རིགས་དང་ནུས་ཁུངས། འཕྲོད་བསྟེན། སློབ་གསོ། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་འབྲེལ་བ་ཟབ་མོར་ཤུགས་སྣོན་བྱས་ཏེ། ཕྱོགས་གཉིས་ཀྱི་ཉོ་ཚོང་འགྲོ་འོང་རྒྱ་བསྐྱེད་འདོད་ཡོད་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོ་ནས་བཟུང་ཐུ་ནི་ཞི་ཡཱ་ལ་དུས་ཡུན་ཉིན་གཉིས་ཀྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།