ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པར་བརྟེན་ནས་ཉིང་རྡུལ་འགོག་པའི་ལངས་ཕྱོགས་ནན་བཤད་བྱས།
2023.12.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཚེས་ཉི་ཤུ་ཉིན་ཉེ་སྔོན་གྱི་མེ་སྟག་སྒྱོགས་མདེལ-18རྟགས་ཅན་གྱི་གླིང་ཆེན་བར་གྱི་འཕུར་མདའི་གཏོང་འཕེན་སྦྱོང་བརྡར་ལ་ཞུགས་པའི་འཕུར་མདའི་དམག་དཔུང་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཁྲའོ་ཞན་གྱི་དགྲ་བོའི་ཉིང་རྡུལ་ནུས་པའི་དཀྲུག་འཕེན་ལ་ཐེ་ཚོམ་ཅི་ཡང་མེད་པར་ཉིང་རྡུལ་བཀོལ་ནས་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། ཐེངས་འདིའི་འཕུར་མདའི་གཏོང་འཕེན་སྦྱོང་བརྡར་ལས་ཁྲའོ་ཞན་དྲག་ཆས་སྟོབས་ཤུགས་ཀྱི་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ལྷག་བསམ་རྣམ་པར་དག་པ་དང་ལངས་ཕྱོགས་བརྟན་པོ་ཡིན་པ་མངོན་པར་མཚོན་པ་དང་། གལ་ཏེ་དགྲ་བོས་ཉིང་རྡུལ་ནུས་པ་བཀོལ་ནས་ཁྲའོ་ཞན་ལ་དཀྲུག་འཕེན་བྱས་ན། ཁྲའོ་ཞན་གྱིས་ཐེ་ཚོམ་ཅི་ཡང་མེད་པར་ཉིང་རྡུལ་བཀོལ་ནས་རྒོལ་ལན་སྤྲོད་ངེས་ཡིན་པ་གསལ་བོར་མཚོན་ཡོད་ཟེར།

ཅིན་ཀྲིན་ཨིན་གྱིས་ད་རུང་བཤད་རྒྱུར། དགྲ་བོར་འཇིགས་དངངས་བསྐྱེད་པ་དང་དགྲ་བོ་གང་དུ་གནས་ཀྱང་སྔོན་ལ་དཔུང་འཇུག་བྱེད་ཐུབ་པའི་དོན་དངོས་ནུས་པ་ལྡན་པར་བྱས་ཏེ་འཐབ་འཁྲུག་གྲ་སྒྲིག་གི་རྣམ་པ་སྲུང་འཛིན་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་ངེས་པ་དོན་གྱི་འགོག་སྲུང་སྟོབས་ཤུགས་ལྡན་པ་ཡིན་ལ་ཡུན་རིང་ཞི་བདེ་སྲུང་སྐྱོབ་བྱེད་ཐུབ་ཟེར།

གཞན་ཡང་ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་གཞོན་པ་ཅིན་ཡུས་ཀྲིན་གྱིས་ཚེས་ཉེར་གཅིག་ཉིན་གཏམ་བཤད་སྤེལ་ཏེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉེ་སྔོན་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་ཚོགས་བསྡུས་པའི་ཐད་ནས་བསྟན་དོན། ཨ་མེ་རི་ཁ་དང་དེའི་རྗེས་འཇུག་སྟོབས་ཤུགས་ཀྱིས་དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པའི་དམག་དོན་འཇིགས་ཉེན་བྱ་སྤྱོད་ལ་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤ་ཡཱ་བྱང་ཤར་ས་ཁུལ་གྱི་བདེ་འཇགས་ཁོར་ཡུག་དེ་འཁྲུག་རྩོད་ཀྱི་ཀློང་དུ་འདེད་བཞིན་ཡོད་ཟེར།

ཅིན་ཡུས་ཀྲིན་གྱིས་བཤད་རྒྱུར། ཨ་མེ་རི་ཁ་དང་དེའི་རྗེས་འཇུག་སྟོབས་ཤུགས་ཀྱིས་རྒྱུན་ཆད་མེད་པར་དམག་དོན་སྦྱོང་བརྡར་ལ་སྐུལ་འདེད་བཏང་བ་དང་། ཨ་མེ་རི་ཁའི་འཐབ་ཇུས་ཉིང་རྡུལ་རྒྱུ་ནོར་དག་རྒྱུན་པར་ཕྱེད་གླིང་ནས་མངོན་པ་དེ་ནི་ཁྲའོ་ཞན་ལ་དམིགས་པ་ཡིན་པ་མངོན་གསལ་ཡིན་ལ། ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བའི་རྩ་བ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།