དབྱིན་ཇི་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཅཱ་ཧྲ་ས་ཁུལ་ནས་འཁྲུག་རྩོད་མཚམས་འཇོག་པར་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་།
2023.12.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་ཡིས་ཚེས་ཉེར་གཅིག་ཉིན་རྒྱལ་ས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཁཱ་མཱེ་ལོན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་ནས་འཁྲུག་རྩོད་མཚམས་འཇོག་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་རྒྱ་བསྐྱེད་དགོས་པའི་འབོད་སྐུལ་བཏང་།

ཧྲུའུ་ཁའེ་ལི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་སྤེལ་བའི་དམག་དོན་འགུལ་སྐྱོད་ལས་མི་ཁྲི་གཉིས་ལྷག་རྐྱེན་ལམ་དུ་ཤོར་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་རང་གི་འགན་འཁྲི་ཁུར་དུ་ལེན་དགོས་ཟེར། ཁོས་བཤད་རྒྱུར། དབྱི་སི་རལ་གྱིས་མི་ཆོས་རིང་ལུགས་ཀྱི་དངོས་རྫས་སྐྱེལ་འདྲེན་བྱེད་པའི་དངོས་སྐྱེལ་རླངས་འཁོར་ལ་ཞིབ་བཤེར་བྱེད་ཐབས་སྤྱད་པའི་དབང་གིས་ཨེ་ཅིབ་ནས་ཅཱ་ཧྲ་ས་ཁུལ་དུ་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་མྱུར་ཚད་ཇེ་དལ་དུ་བཏང་ཡོད་ཟེར།

ཁཱ་མཱེ་ལོན་གྱིས་བསྟན་དོན། དབྱི་སི་རལ་དང་ཅཱ་ཧྲ་ས་ཁུལ་བར་གྱི་ཁའེ་ལོས་མུའུ་ཧྲ་ལོ་མུའུ་གྲུ་ཁ་ནི་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་རྒྱ་བསྐྱེད་པའི་རྒྱུ་ལམ་བཟང་བོ་ཞིག་ཡིན་པས། རྒྱུ་ལམ་དེ་བཀག་མེད་ཡོང་བར་འགན་སྲུང་བྱེད་དགོས། དབྱིན་ཇི་ཡིས་ཅཱ་ཧྲ་ས་ཁུལ་དུ་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་མཚོ་ཐོག་གི་ལམ་ཐིག་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར། ཁོས་ད་རུང་བསྟན་དོན། དབྱིན་ཇི་ཡིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གནས་སྐབས་འཁྲུག་རྩོད་མཚམས་བཞག་སྟེ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་སྐུལ་མ་གཏོང་བའི་གྲོས་ཆོད་འགོད་དགོས་པའི་འབོད་སྐུལ་བཏང་།

ཉིན་དེའི་སྔ་དྲོར་ཁཱ་མཱེ་ལོན་དང་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་གཉིས་ཀྱིས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་གནས་བབ་སོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།