ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་གིས་ཚེས་ཉི་ཤུ་ཉིན་བརྙན་རིས་གྲོས་ཚོགས་བསྡུས་ཏེ། ནོར་སྲིད་སྒྲིག་སྲོལ་གྱི་བཅོས་སྒྱུར་ཐད་ནས་གྲོས་མཐུན་བཀོད།
རྒྱུས་ལོན་བྱུང་བ་ལྟར་ན། སྒྲིག་སྲོལ་གསར་བ་ལས་གོ་རིམ་ལྡན་པའི་སྒོ་ནས་དམིགས་སའི་རང་བཞིན་ཡོད་པར་འགྲོ་སོང་ཇེ་ཉུང་དུ་གཏོང་བའི་རེ་བ་བཏོན་ཡོད་པ་དང་། ཚད་ལྡན་དུ་གཏོང་བའི་དུས་ཡུན་འོས་འཚམ་གྱིས་ལྷོད་ནས་འགྲོ་སོང་དང་དོམ་ཇེ་ཉུང་དུ་གཏོང་བའི་ཞོར་དུ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཁྱབ་ཁོངས་གཙོ་བོའི་སྤྱི་བའི་དངུལ་གཏོང་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད།
ཧྥ་རན་སིའི་ནོར་སྲིད་པུའུ་ཀྲང་ལེ་མཱེ་ཨར་གྱིས་གྲོས་མཐུན་བཀོད་པར་དགའ་བསུ་ཞུས་པ་དང་། ནོར་སྲིད་ཀྱི་སྒྲིག་སྲོལ་བྱས་པ་ལས་དངུལ་གཏོང་དང་གྲུབ་ཚུལ་བཅོས་སྒྱུར་གྱི་གལ་ཆེན་རང་བཞིན་ཁས་ལེན་བྱས་ཡོད་པར་འདོད།
འཇར་མན་གྱི་ནོར་སྲིད་པུའུ་ཀྲང་ལིན་ཏི་ནཱ་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ནོར་སྲིད་སྒྲིག་སྲོལ་གསར་བ་དེར་དངོས་ཕན་རང་བཞིན་ལྷག་ཏུ་ལྡན་པ་དང་། འགྲོ་སོང་དང་དོམ་གྱི་བསྡུར་ཚད་ཇེ་དམའ་རུ་གཏོང་བ་དང་། དངུལ་གཏོང་དང་གྲུབ་ཚུལ་བཅོས་བསྒྱུར་གྱི་སྐུལ་སྤེལ་བྱེད་ཐབས་ཟུང་འབྲེལ་བྱེད་དགོས་ཟེར།
ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སི་ཕན་གྱི་དཔལ་འབྱོར་བློན་ཆེན་ཁཱ་ཨར་ཝེ་ནེ་ཨོ་ཡིས་ཀྱང་བརྙན་རིས་གྲོས་ཚོགས་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། སྒྲིག་སྲོལ་གསར་བ་སྔར་ལས་དངོས་ཡོད་དང་འཚམ་ཞིང་། རིམས་ནད་རྗེས་ཀྱི་དོན་དངོས་གནས་ཚུལ་ལ་བསྟུན་ཡོད་པར་མ་ཟད། དངུལ་ལོར་ཉམས་ཉེན་ཁྲོད་ཀྱི་བསླབ་བྱའང་བསྡུ་ལེན་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།