ཧན་གོའི་ཅིང་ཅེ་ཏའོ་ཧྲུའེ་ཡོན་གྲོང་ཁྱེར་དུ་ཚེས22ཉིན་སྤྱི་སྤྱོད་རླངས་འཁོར་ཞིག་གིས་མི་ལ་བརྡུངས་པའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི1རྐྱེན་ལམ་དུ་ཤོར་བ་དང་མི17ལ་རྨས་སྐྱོན་ཕོག དེའི་ཁྲོད་མི2ལ་རྨས་སྐྱོན་ལྕི་མོ་ཕོག་ཡོད་པ་རེད།
ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས22ཉིན་གྱི་ཕྱི་དྲོའི་ཆུ་ཚོད1དང་སྐར་མ27ཙམ་ལ་སྤྱི་སྤྱོད་རླངས་འཁོར་ཞིག་ཧྲུའེ་ཡོན་གྲོང་ཁྱེར་མེ་འཁོར་འབབ་ཚུགས་ཀྱི་བརྗེ་སའི་ས་ཚིགས12པའི་ཉེ་འགྲམ་དུ་བསྡད་ནས་འགྲུལ་བ་མར་བབས་རྗེས། གློ་བུར་དུ་མི་འགྲོ་སའི་འཕྲེད་ལམ་དང་རྐང་ཐང་བ་འགྲོ་སའི་ལམ་དུ་སོང་ནས་འབབ་ཚུགས་ཀྱི་ཀ་བར་བརྡུངས་རྗེས་བསྡད་པ་རེད། དོན་རྐྱེན་དེ་ལས་ལོ70ལྷག་ཙམ་ལ་སླེབས་པའི་བུད་མེད་ཅིག་རྐྱེན་ལམ་དུ་ཤོར་བ་དང་། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་དང་རླངས་འཁོར་ནང་གི་འགྲུལ་པ་ཚུད་པའི་རྨས་མ་ཚང་མ་མིག་སྔར་སྨན་བཅོས་བྱེད་པར་བསྐྱལ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དོན་རྐྱེན་བྱུང་བའི་རླངས་འཁོར་ནི་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་ཡིན་པ་དང་། དོན་རྐྱེན་བྱུང་སྐབས་རླངས་འཁོར་དེའི་ཁ་ཕྱོགས་དང་བཀག་གཏོང་སྒྲིག་ཆས་སོགས་ཚང་མར་གནད་དོན་གང་ཡང་མེད།
ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་སྤྱོད་རླངས་འཁོར་དེའི་ཁ་ལོ་བ་ནི་ལོ50ལྷག་ཙམ་ལ་སླེབས་པའི་བུད་མེད་ཅིག་ཡིན་ལ། ཆང་རག་འཐུང་མེད། ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། ཁ་ལོ་བ་དངངས་སྐྲག་སྐྱེས་ནས་དོན་རྐྱེན་གསལ་བཤད་བྱེད་ཐབས་བྲལ་ཡོད། ཉེན་རྟོག་ཕྱོགས་དང་མེ་གསོད་སྡེ་ཁག་གིས་སྔར་ལས་ལྷག་པར་དོན་རྐྱེན་གྱི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱ་རྒྱུ་ཡིན་ཟེར།
ཤ་བོ་གསེར་མཚོས་བསྒྱུར།