ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཆེད་དུ་ཕྱིའི་བར་སྟོང་འཚོལ་ཞིབ་དང་བེད་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་ཀྱིན་ཡོད།
2023.12.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པེན་གྱིས་ཚེས22ཉིན་བཤད་རྒྱུར། ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཆེད་དུ་ཕྱིའི་བར་སྟོང་འཚོལ་ཞིབ་དང་བེད་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འདྲ་མཉམ་གཉིས་ཕན་དང་། ཞི་བདེ་བེད་སྤྱོད། དཀྱེད་ཡངས་འཕེལ་རྒྱས་གཏོང་བ་བཅས་ཀྱི་རྨང་གཞིའི་སྟེང་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཇིག་རྟེན་འཕུར་སྐྱོད་བརྗེ་རེས་དང་མཉམ་ལས་བྱས་ཏེ། ཕྱིའི་ཁྱབ་ཁོངས་སུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད། 

ཝང་ཝུན་པེན་གྱིས་གསར་འགོད་པའི་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་ད་དུང་ཨ་མེ་རི་ཁའི་ཉེ་ཆར་གྱི་འབྲེལ་ཡོད་གཏམ་བརྗོད་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་གསལ་བཤད་བྱས། 

གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་པོ་ཨིན་སི་ཡིས་ཉེ་ཆར་ཀྲུང་གོས་ཨ་མེ་རི་ཁ་དང་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་ཐད་མཉམ་ལས་བྱེད་འདོད་མེད་པ་དང་། བར་སྣང་ཁྱབ་ཁོངས་དེ་རྒྱལ་ཁབ་གཉིས་ཀྱི་རྩལ་འགྲན་ར་བར་འགྱུར་རྒྱུ་རེད་ཅེས་བརྗོད་འདུག ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པ་རེད། 

ཝང་ཝུན་པེན་གྱིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་དང་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཀྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྒོ་འབྱེད་རྣམ་འགྱུར་འཛིན་པ་དང་། ཨ་མེ་རི་ཁ་ཕྱོགས་དང་སའི་གོ་ལའི་ཚན་རིག་དང་བར་སྣང་ཚན་རིག་དང་མཐུན་པའི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་ལས་དོན་ཚན་ཆུང་དང་། ཀྲུང་ཨའི་དམངས་སྤྱོད་འཇིག་རྟེན་འཕུར་སྐྱོད་ཀྱི་སྐད་ཆ་བརྗེ་རེས་སོགས་ཀྱི་ལམ་སྲོལ་བཙུགས་ཡོད། འོན་ཀྱང་ཨ་མེ་རི་ཁ་ཕྱོགས་ཀྱིས་འཇམ་འཐབ་ཀྱི་བསམ་གཞིག་ཐོག་ནས་ཀྲུང་གོར་འཇིག་རྟེན་འཕུར་སྐྱོད་མཉམ་ལས་བྱ་རྒྱུར་ལྟ་སྟངས་བཟུང་ནས“ཨོའར་ཧྥུའུ་ཡི་དོན་ཚན”དང“2021ལོའི་ཨ་མེ་རི་ཁའི་གསར་གཏོད་དང་འགྲན་རྩོད་ཁྲིམས་གཞི”། “2022ལོའི་ཨ་རིའི་འགྲན་རྩོད་ཁྲིམས་གཞི”སོགས་རྒྱལ་ནང་གི་བཅའ་ཁྲིམས་བཏོན་ནས་ཕྱོགས་གཉིས་ཀྱི་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཚོད་འཛིན་བྱས་པ་དང་། ཐ་ན་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ཁེ་ལས་ལ་ཕྱོགས་རྐྱང་པའི་བཀག་སྡོམ་བྱས་ཡོད། འདི་ནི་མིག་སྔར་ཕྱོགས་གཉིས་ཀྱི་མཉམ་ལས་དཀའ་ངལ་གྱི་གནས་སུ་གྱར་བའི་འབྱུང་རྩ་རེད་ཟེར། 

ཁོས་བཤད་རྒྱུར། ཟླ་བ་དང་མཁའ་དབྱིངས་ཀྱི་འཚོལ་ཞིབ་ཚད་ལེན་ཁྱབ་ཁོངས་སུ་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་གིན་ཡོད། ཉེ་ཆར། ཀྲུང་གོའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུའུ་ཡིས་ཕྱི་ཕྱོགས་སུ་ཟླ་བའི་གོ་ལའི་དངོས་དཔེ་གཏོང་སྤྲོད་ཕྱོགས་སྟོན་དང་ཟླ་བའི་ལྷ་མོ་ཨང་བརྒྱད་པའི་ལས་འགན་གྱི་རྒྱལ་སྤྱིའི་མཉམ་ལས་གོ་སྐབས་སྤྱི་བསྒྲགས་བྱས་ཡོད། “ང་ཚོས་ཨ་མེ་རི་ཁ་ཚུད་པའི་རྒྱལ་ཁབ་ཁག་གི་ཚན་ཞིབ་མི་སྣས་འབྲེལ་ཡོད་བརྒྱུད་རིམ་གཞིར་བཟུང་ནས་རེ་ཞུ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཚེ་འབྲེལ་ཡོད་ཁྲིམས་དོན་གྲོས་གཞི་མེད་པར་བཟོ་བ་དང་། འགན་མི་འཁུར་བའི་གཏམ་བརྗོད་སྤེལ་མཚམས་འཇོག་པ། དངོས་སྒྲུབ་བྱ་ཐབས་སྤྱད་དེ་ཕྱོགས་གཉིས་ཀྱི་མཉམ་ལས་བགྲོད་ལམ་སྟེང་གི་བཀག་རྡོ་མེད་པར་བཟོ་དགོས”ཟེར། 

ཤ་བོ་གསེར་མཚོས་བསྒྱུར།