ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པེན་གྱིས་ཚེས22ཉིན་གསར་འགོད་པའི་ཚོགས་འདུའི་སྟེང་ཀྲུང་གོ་དང་ཨ་མེ་རི་ཁའི་དུག་འགོག་མཉམ་ལས་ཐད་ནས་དྲི་བར་ལན་བཏབ།
ཝང་ཝུན་པེན་གྱིས་བཤད་རྒྱུར། དུག་འགོག་མཉམ་ལས་སྤེལ་བ་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་གྱི་ཅིག་ཅིན་ཧྲན་དུ་ཐུག་འཕྲད་གནང་སྐབས་བཏོན་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲས་ཀྱི་གཅིག་རེད། ངོས་འཛིན་གཅིག་མཐུན་གལ་ཆེན་དེ་དོན་འཁྱོལ་བྱ་ཆེད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ཁྲིམས་འཛིན་སྒྲིག་གཞིར་བཀག་སྡོམ་བྱས་པ་ཕྱིར་འཐེན་བྱས། ཉེ་ཆར་ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ཐའེ་ཉིའི་རིགས་ཀྱི་དངོས་པོ་དང་དེའི་སྔོན་གྱི་རྫས་འགྱུར་དངོས་རྫས་ལ་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་ངང་སྤེལ་ཡོད་ཟེར།
ཁོས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་དུག་འགོག་སྡེ་ཁག་གིས་ཀྱང་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་རིམ་བཞིན་སླར་གསོ་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་དུག་འགོག་མཉམ་ལས་བྱ་བའི་ཚན་ཆུང་འཛུགས་རྒྱུའི་ཐད་འབྲེལ་གཏུག་དམ་ཟབ་བྱེད་བཞིན་ཡོད།
“ངས་ནན་བཤད་བྱེད་འདོད་པ་ནི། ཀྲུང་གོ་དང་ཨ་མེ་རི་ཁའི་དུག་འགོག་མཉམ་ལས་སླར་གསོ་བྱེད་པའི་འཕེལ་རིམ་ནི་ལས་སླ་མོ་ལས་བྱུང་བ་ཞིག་མིན་པས། ཕྱོགས་གཉིས་ཀྱིས་གཅེས་སྤྲས་ལྡབ་འགྱུར་བྱེད་དགོས། ཨ་རི་ཕྱོགས་ཀྱིས་ལྷག་བསམ་བཅངས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་དུག་འགོག་གི་དངོས་སྒྲུབ་མཉམ་ལས་མུ་མཐུད་དུ་སྤེལ་རྒྱུའི་རེ་བ་ཡོད”ཅེས་བཤད།
ཤ་བོ་གསེར་མཚོས་བསྒྱུར།