མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དབྱི་སི་རལ་གྱི་དམག་དཔུང་གི་དཔུང་འཇུག་ལས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་ཐད་བཀག་རྒྱ་ཆེན་པོ་བཟོས་ཡོད་པའི་ཚུལ་བསྟན།
2023.12.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་དཔུང་འཇུག་བྱས་པ་ལས་ཅཱ་ཧྲའི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་ཐད་བཀག་རྒྱ་ཆེན་པོ་བཟོས་ཡོད་ཟེར། འདས་པའི་ཉིན་དོན་ལྔའི་རིང་ལ། ཅཱ་ཧྲ་ས་ཁུལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་བརྒྱ་དང་སོ་དྲུག་རྐྱེན་ལམ་དུ་ཤོར་ཡོད།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་གསར་འགོད་པར་སྣེ་ལེན་བྱེད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། མི་མང་བོས་ལཱ་ཧྥ་རྒྱུ་ལམ་དུ་དངོས་རྫས་ཕོག་པའི་དངོས་སྐྱེལ་རླངས་འཁོར་གྱི་ཁ་གྲངས་དེ་ཅཱ་ཧྲའི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་ཀྱི་གྲུབ་འབྲས་ལ་ཚད་འཇལ་བྱེད་པའི་ཚད་གཞིར་འཛིན་པ་དེ་ནོར་འཆུག་རེད་ཟེར། དོན་དངོས་ཀྱི་གནད་དོན་ནི་དབྱི་སི་རལ་གྱི་དམག་དོན་དཔུང་འཇུག་ལས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དག་ཅཱ་ཧྲ་ས་ཁུལ་ནས་བགོ་བཤའ་བྱེད་པར་བཀག་རྒྱ་ཆེན་པོ་བཟོས་ཡོད་ཟེར།

ཁོས་བཤད་རྒྱུར། ཅཱ་ཧྲའི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་གྲུབ་འབྲས་དེ་སྤྱི་ཕྱོགས་ཀྱི་བདེ་འཇགས་ཁོར་ཡུག་དང་། རྒུད་སྐྱོབ་མི་སྣའི་ཚེ་སྲོག་བདེ་འཇགས། དངོས་སྐྱེལ་ནུས་པ། ཚོང་ལས་བྱ་འགུལ་གྱི་སླར་གསོ་བཅས་ལ་རག་ལས་ཡོད་པས། ཆ་རྐྱེན་དེ་གང་ཡང་འཛོམས་མེད། དབྱི་སི་རལ་ཕྱོགས་ཀྱིས་ཅཱ་ཧྲའི་མི་གྲངས་མང་བའི་ས་ཁུལ་དུ་གཅིག་བསྡུས་ཀྱིས་མེ་སྒྱོགས་འཇབ་རྒོལ་བྱས་པ་དང་། གནས་དེ་ནས་འཐབ་འཁྲུག་བྱས་པས་མི་སེར་དཀྱུས་མ་དང་རྒུད་སྐྱོབ་མི་སྣའི་ཚེ་སྲོག་བདེ་འཇགས་ལ་འཇིགས་ཉེན་བཟོས་ཡོད། འདས་པའི་ཉིན་དོན་ལྔའི་རིང་ལ། ཅཱ་ཧྲ་ས་ཁུལ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་བརྒྱ་དང་སོ་དྲུག་རྐྱེན་ལམ་དུ་ཤོར་ཡོད། བཙན་གྱིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་དུ་འཇུག་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་མང་བོར་གཏོར་བརླག་ཐེབས་པའམ་མི་བསྐྱུར་ཐབས་མེད་བྱུང་ཡོད། ཡིན་ཡང་དབྱི་སི་རལ་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་འགྲོ་འདུག་བྱེད་པའི་དངོས་སྐྱེལ་རླངས་འཁོར་གྱི་ཁ་གྲངས་ཇེ་མང་དུ་གཏོང་བར་ཆོག་མཆན་བཀོད་མེད། འཕྲིན་གཏོང་ལ་ཡང་དང་བསྐྱར་དུ་བར་ཆད་བྱུང་བ་ལས་རྒུད་སྐྱོབ་དངོས་རྫས་བགོ་བཤའ་བྱེད་པའི་མཐུན་སྦྱོར་བྱ་བ་ལག་བསྟར་བྱེད་དཀའ་བར་གྱུར་ཡོད་ལ། མི་རྣམས་ཀྱིས་ཇི་ལྟར་ལེན་དགོས་པ་ཤེས་མེད། དེ་ལས་གཞན་དབྱི་སི་རལ་ཕྱོགས་ཀྱིས་ཚོང་ལས་བྱ་འགུལ་ལ་ཚོད་འཛིན་བྱས་པ་སོགས་ལས་རྒུད་སྐྱོབ་འགུལ་སྐྱོད་ལ་བཀག་རྒྱ་ཆེན་པོ་བཟོས་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་པར་ལུགས་མཐུན་གྱི་རྒྱུ་མཚན་མེད་པ་དང་། དེའི་ཞོར་དུ་ཧཱ་མཱ་སིའི་འཇབ་རྒོལ་དེ་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མིར་གཅིག་བསྡུས་ཆད་གཅོད་བྱེད་པའི་རྒྱུ་མཚན་དུ་འགྱུར་མི་རུང་ལ། དབྱི་སི་རལ་གྱིས་འཇབ་རྒོལ་ཐེབས་པའི་དབང་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་བརྩི་སྲུང་མ་བྱས་ན་མི་རུང་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་གྲོས་མཐུན་བཀོད་པའི་ཅཱ་ཧྲའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བའི་རེ་བ་བཏོན་པའི་གྲོས་ཆོད་གཉིས་བདུན་གཉིས་ཐིག་ལས་མཇུག་མཐའི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་ཐུབ་པའི་རེ་བ་ཡོད་ཟེར། ཁོས་བཤད་རྒྱུར། རྒྱང་རིང་ལ་བལྟས་ན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པ་དང་། ཁོ་རང་དབྱི་སི་རལ་གྱི་མཐོ་རིམ་དཔོན་རིགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་དོགས་གཞི་ཡོད་པའི་གཏམ་བཤད་སྤེལ་བར་ཡིད་ཆད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།