སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས་ཉེར་གཉིས་ཉིན་གྲོས་ཆོད་བཀོད་དེ། ཀྲུང་གོའི་ལུགས་རྙིང་ལོ་སར་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུས་ཆེན་དུ་གཏན་འཁེལ་བྱས།
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པའི་གནས་སྐབས་ཚབ་སྒྲུབ་པ་ཏའེ་པེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་གྲོས་ཆོད་བཀོད་རྗེས་བསྟན་དོན། ཀྲུང་གོའི་ལུགས་རྙིང་ལོ་སར་དེ་ཀྲུང་གོའི་སྲོལ་རྒྱུན་གྱི་དམངས་སྲོལ་དུས་ཆེན་ཡིན་པའི་ཆ་ནས། ཁྱིམ་མི་ལྷན་འཛོམས་དང་རྙིང་སྐྱེལ་གསར་བསུའི་ཉིན་མོ་ཞིག་ཡིན་པར་མ་ཟད། ཞི་བདེ་དང་འགྲིག་མཐུན། འཆམ་མཐུན་སོགས་ཀྱི་ཀྲུང་ཧྭའི་དཔལ་ཡོན་གྱི་འདུ་ཤེས་རྒྱུན་འཛིན་བྱས་ཡོད་པ་དང་། ཁྱིམ་ཚང་འགྲིག་མཐུན་དང་། སྤྱི་ཚོགས་དཀྱེལ་ཡངས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་སོགས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་རྒྱུན་འཛིན་བྱས་ཡོད། རྒྱལ་ཁབ་དང་ས་ཁུལ་མང་བོས་ཀྲུང་གོའི་ལུགས་རྙིང་ལོ་སར་དེ་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་དུས་ཆེན་དུ་བརྩི་བཞིན་ཡོད་ལ། འཛམ་གླིང་ཡོངས་ཀྱི་ལྔ་ཆའི་གཅིག་གི་མི་གྲངས་ཀྱིས་རྣམ་པ་མི་འདྲ་བའི་སྒོ་ནས་ཀྲུང་གོའི་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བཞིན་ཡོད་ཟེར།
ཏའེ་པེན་གྱིས་བཤད་རྒྱུར། ཀྲུང་གོས་ལུགས་རྙིང་ལོ་སར་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུས་ཆེན་དུ་འགྱུར་བར་སྐུལ་འདེད་བཏང་བ་ནི་འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་ལག་བསྟར་དང་། འཛམ་གླིང་དཔལ་ཡོན་གྱི་སྣ་མང་ཅན་ལ་བརྩི་འཇོག་བྱེད་པའི་འདོད་བློ་བཏོན་པའི་དངོས་གཉེར་འགུལ་སྐྱོད་ཅིག་ཡིན། ལུགས་རྙིང་ལོ་སར་དེ་དངོས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུས་ཆེན་དུ་གྱུར་བ་ལས་ཀྲུང་ཧྭའི་དཔལ་ཡོན་གྱི་དྲིལ་སྒྲོག་ཤུགས་རྐྱེན་མངོན་པར་མཚོན་ཡོད་ལ། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་མི་འདྲ་བའི་བརྗེ་རེས་དཔེར་ལེན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་སྣ་མང་དཀྱེལ་ཡངས་ཀྱི་རིག་གནས་རིན་ཐང་འདུ་ཤེས་མངོན་པར་མཚོན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཀྲུང་གོའི་ལུགས་རྙིང་ལོ་སར་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུས་ཆེན་དུ་གཏན་འཁེལ་བྱས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡི་ལས་བྱེད་མི་སྣའི་དགའ་བསུ་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མགྲོན་བདག་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་དུས་ཆེན་གལ་ཆེན་ལས་གཞན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཆོད་བཀོད་དེ། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་དགའ་སྟོན་རྟེན་འབྲེལ་རྒྱ་ཆེར་བྱེད་པའི་དུས་ཆེན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུས་ཆེན་དུ་གཏན་འཁེལ་བྱས་ཆོག་ལ། ཉིན་དེར་གང་ནུས་ཀྱིས་གྲོས་ཚོགས་བྱ་འགུལ་སྤེལ་བར་སྔོན་འགོག་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ལོ་རེར་ལུགས་རྙིང་ལོ་སར་གྱི་ཞུ་ཚིག་ཕུལ་ནས་ཀྲུང་གོ་དང་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་རྒྱལ་ཁབ་སོ་སོའི་མི་དམངས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུ་དགོས།
བསོད་ནམས་ཚེ་རིང་གིས་བསྒྱུར།