ནེ་ཀྲིར་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་རྒྱལ་ས་ནེ་ཡཱ་མཱེ་ནས་ཁྱབ་བསྒྲགས་བྱས་དོན། ཆེས་མཇུག་མཐའི་ཧྥ་རན་སིའི་བཅའ་སྡོད་དམག་དཔུང་ཉིན་དེར་ནེ་ཀྲིར་ནས་ཕྱིར་འཐེན་བྱས་པ་དང་། དེའི་བར་ཧྥ་རན་སིའི་བཅའ་སྡོད་དམག་མི་སྟོང་གཅིག་དང་ལྔ་བརྒྱ་ལྷག་དང་དེའི་འཐབ་འཁྲུག་གི་སྒྲིག་ཆས་ཚང་མ་ནེ་ཀྲིར་ནས་ཕྱིར་འཐེན་བྱས་པ་རེད། ཉིན་དེར་ཏའོ་ཀིའི་དམག་ཕྱོགས་ཀྱི་འཐུས་མིའི་བདེན་དཔང་འོག ཧྥ་རན་སི་དང་ནེ་ཀྲིར་རྒྱལ་ཁབ་གཉིས་ཀྱི་དམག་ཕྱོགས་འཐུས་མིས་ཧྥ་རན་སི་ཡིས་ནེ་ཀྲིར་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་བཟོད་སྒོམ་བརྗེད་ཐོ་བཀོད།
ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ནེ་ཀྲིར་དུ་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་ཁང་གིས་རྒྱུན་ལྡན་ལྟར་བྱ་བ་བསྒྲུབ་ཐབས་མེད་པས། ཧྥ་རན་སི་ཕྱོགས་ཀྱིས་ས་དེའི་གླས་མི་ཚང་མ་གཏོར་བ་དང་། ནེ་ཀྲིར་དུ་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་ཁང་ཡུན་རིང་བོར་སྒོ་བརྒྱག་རྒྱུ་ཡིན་ཟེར།
ནེ་ཀྲིར་ནི་སྔོན་ཆད་ཧྥ་རན་སིའི་མི་སེར་སྤེལ་ཡུལ་ཡིན་ཞིང་། ནེ་ཀྲིར་དུ་ཟླ་བདུན་པར་དམག་དོན་སྲིད་འགྱུར་བྱུང་རྗེས། ཧྥ་རན་སི་ཡིས་སྲིད་འགྱུར་དབང་འཛིན་ལས་ཁུངས་ཁས་ལེན་བྱས་མེད། ཟླ་དགུ་བར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ད་ལོའི་ལོ་མཇུག་གི་སྔོན་ལ་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཟླ་དེར་ནེ་ཀྲིར་དུ་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་པ་ནེ་ཀྲིར་དང་བྲལ། སྐོར་ཐེངས་དང་པོའི་ཧྥ་རན་སིའི་བཅའ་སྡོད་དམག་དཔུང་ཟླ་བཅུ་བའི་ཚེས་བཅུ་ཉིན་ནེ་ཀྲིར་ནས་ཕྱིར་འཐེན་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།