སྐབས་བདུན་པའི་དཔལ་ཡོན་གནའ་བོའི་རྒྱལ་ཁབ་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཉེ་སྔོན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་བསྡུས། ཚོགས་ཞུགས་ཀྱི་ཕྱོགས་ཁག་སོ་སོས་རིག་གནས་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་དང་ཡུལ་གཞན་ལ་ཤོར་བའི་རིག་དངོས་ཀྱི་རྗེས་འདེད་རྩད་གཅོད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས།
གྲོས་ཚོགས་ལ་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་མགོ་འཛིན་བྱས་པ་དང་། དཔལ་ཡོན་གནའ་བོའི་རྒྱལ་ཁབ་གླེང་སྟེགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མང་བོའི་མཐོ་རིམ་དཔོན་རིགས་གྲོས་ཚོགས་ལ་ཞུགས།
ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་སྐབས་བསྟན་དོན། རིག་གནས་ཁྱབ་ཁོངས་སུ་མཉམ་ལས་སྤེལ་ན་གླེང་སྟེགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མཉེན་པའི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་ཐུབ་ལ། དཔལ་ཡོན་མི་འདྲ་བའི་བར་གྱི་མཉམ་ལས་དེ་ཡང་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད། དཔལ་ཡོན་གནའ་བོའི་རྒྱལ་ཁབ་གླེང་སྟེགས་བརྒྱུད་དེ། ཕྱོགས་སོ་སོས་འཛམ་གླིང་སྔར་ལས་ཞི་བདེ་དང་རིག་གནས་སྔར་ལས་འཕེལ་རྒྱས་སུ་གཏོང་བར་འབད་འབུངས་བྱེད་ཐུབ་ཟེར།
ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་རིག་དངོས་ཅུའུ་ཡི་ཅུའུ་ཀྲང་ལིས་ཆོན་གྱིས་ཞུ་ཚིག་ཕུལ་ནས་བསྟན་དོན། ཀྲུང་གོས་དཔལ་ཡོན་གནའ་བོའི་རྒྱལ་ཁབ་གླེང་སྟེགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བར་རིག་གནས་དང་གནས་སྐོར། ཤུལ་བཞག་རིག་གནས་བཅས་ཁྱབ་ཁོངས་སུ་མཉམ་ལས་སྣ་ཚོགས་སྤེལ་ནས། དཔལ་ཡོན་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བར་སྒུལ་ཤུགས་གསར་བ་ཁ་སྣོན་བྱེད་བཞིན་ཡོད། ཀྲུང་གོས་སྣ་མང་རྐྱེན་སྲོལ་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གཏོང་བར་དོ་སྣང་བྱེད་ཅིང་། དབྱི་ལིང་སོགས་རྒྱལ་ཁབ་བཅུ་དང་མཉམ་དུ་ཨེ་ཤ་ཡཱའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་མནའ་འབྲེལ་བཙུགས་ཡོད་ཟེར། ལིས་ཆོན་གྱིས་ད་རུང་དཔལ་ཡོན་གནའ་བོའི་རྒྱལ་ཁབ་དག་གིས་ལག་རྡང་སྦྲེལ་ནས་འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་ལག་ལེན་བྱེད་པར་འགུལ་སྐྱོད་གྲོས་གཞི་གསུམ་བཏོན་ཡོད་དེ། གཅིག་ནས་རིག་གནས་ཤུལ་བཞག་གི་ནུས་པ་འདོན་སྤེལ་བྱས་ཏེ་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་དང་གོང་སྤེལ་ལ་ཞབས་འདེགས་ཞུ་དགོས། གཉིས་ནས་བརྗེ་རེས་དཔེར་ལེན་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་ཕན་ཚུན་རྒྱུས་ལོན་དང་བརྩི་འཇོག་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་ཐུན་མོང་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས། སྔར་ལས་དྲང་བདེན་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་རིག་གནས་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་དགོས་ཟེར།
དཔལ་ཡོན་གནའ་བོའི་རྒྱལ་ཁབ་གླེང་སྟེགས་དེ་ཀྲུང་གོ་དང་ཞི་ལཱ་རྒྱལ་ཁབ་གཉིས་ཀྱིས་ཉིས་སྟོང་བཅུ་བདུན་ལོར་མཉམ་དུ་སྤེལ་བ་ཡིན་ལ། དམིགས་ཡུལ་ནི་གྲོས་མོལ་དང་བརྗེ་རེས་ལ་བརྟེན་ནས་དཔལ་ཡོན་མི་འདྲ་བའི་བར་གྱི་ཕན་ཚུན་རྒྱུས་ལོན་དང་བཟོད་སྒོམ་ལ་སྐུལ་འདེད་གཏོང་ཆེད་རེད། གླེང་སྟེགས་དེར་ད་ལྟ་ཁོངས་གཏོགས་རྒྱལ་ཁབ་བཅུ་ཡོད་དེ། ཀྲུང་གོ་དང་ཨེ་མེ་ནི་ཡཱ། པའོ་ལེ་ཝེ་ཡཱ། ཨེ་ཅིབ། ཞི་ལཱ། དབྱི་ལིང་། དབྱི་རག དབྱི་ཐཱ་ལེ། མའོ་ཞི་ཁོ། ཕེ་རུ་བཅས་འདུས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།