ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་ལ་འབྲེལ་བ་ཡོད་པའི་ཚོང་དོན་གྲུ་གཟིངས་ཤིག་ལ་ཉིན་དེར་རྒྱ་གར་གྱི་ནུབ་ཕྱོགས་མཚོ་འགྲམ་གྱི་ཨ་རབ་མཚོ་ཁོངས་ནས་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་རྗེས་འགས་གཏོར་བྱུང་ནས་མེར་འབར་བ་རེད། མེ་དུས་ལྟར་བསད་པ་དང་། མི་སྣར་ཤི་རྨས་ཐེབས་མེད་ཟེར།
བསྒྲགས་པ་ལྟར་ན། ཚོང་དོན་གྲུ་གཟིངས་དེར་ལི་པུ་ལི་ཡཱའི་རྒྱལ་དར་བཀལ་ཡོད་པ་དང་། རྫས་འགྱུར་ཐོན་རྫས་དྲུད་ཡོད། ཆེས་མཇུག་མཐར་བསྡད་པའི་གནས་ནི་སོ་ཏི་ཨ་རབ་ཡིན་ལ། སྐབས་ཐོག་དེའི་དམིགས་སའི་ཡུལ་རྒྱ་གར་ཡིན་པ་རེད་ཟེར།
དབྱིན་ཇིའི་མཚོ་ཐོག་ཉོ་ཚོང་འགུལ་སྐྱོད་གཞུང་སྒྲུབ་ཁང་གིས་བདེན་དཔང་བྱས་དོན། ཚོང་དོན་གྲུ་གཟིངས་དེར་རྒྱ་གར་གྱི་ཝེ་ལཱ་བོ་ཨར་ལྷོ་ནུབ་ཕྱོགས་ཀྱི་མཚོ་ཁོངས་ནས་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་རྗེས་འགས་གཏོར་བྱུང་ནས་མེར་འབར་བ་ཡིན་ཡང་མི་སྣར་ཤི་རྨས་བཟོས་མེད་ཟེར། གཞུང་སྒྲུབ་ཁང་དེས་བཤད་རྒྱུར། འབྲེལ་ཡོད་ཀྱི་རྟོག་ཞིབ་བྱ་བ་སྤེལ་བཞིན་ཡོད་པ་དང་། ཉེ་འདབས་ཀྱི་གྲུ་གཟིངས་དག་སེམས་ཆུང་ངང་བགྲོད་དགོས་པའི་གྲོས་གཞི་བཏོན།
རྒྱ་གར་གྱི་ཚོང་ལས་དར་ཆའི་ཚགས་པར་གྱིས་བསྒྲགས་པ་ལྟར་ན། འཇབ་རྒོལ་ཐེབས་པའི་ཚོང་དོན་གྲུ་གཟིངས་དེའི་སྟེང་རྒྱ་གར་གྱི་གྲུ་བ་ཉི་ཤུ་དང་ཡོ་ནན་གྱི་གྲུ་བ་གཅིག་ཡོད། རྒྱ་གར་གྱི་མཚོ་འགྲམ་ཉེན་ཟོན་རུ་ཁག་གིས་གྲུ་གཟིངས་མངག་ནས་དོན་རྐྱེན་བྱུང་སའི་མཚོ་ཁོངས་སུ་ཞིབ་བཤེར་བྱས་པ་དང་། ཉེ་འདབས་ཀྱི་གྲུ་གཟིངས་དག་གིས་ཚོང་དོན་གྲུ་གཟིངས་དེར་རོགས་རམ་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།
མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།