མའོ་ལོ་ཀི་དང་སཱ་ཧི་ལེ་ས་ཁུལ་གྱི་རྒྱལ་ཁབ་པུའུ་ཁི་ནཱ་ཧྥ་སོ་དང་ཀྲ་ཏི། མཱ་ལི། ནེ་ཀྲིར་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་དང་འཐུས་མིས་ཚེས་ཉེར་གསུམ་ཉིན་མའོ་ལོ་ཀིའི་ལྷོ་ཕྱོགས་ཀྱི་མཱ་ལཱ་ཁཱ་ཧྲི་ནས་པུའུ་ཀྲང་རིམ་པའི་མཐུན་སྦྱོར་གྲོས་ཚོགས་བསྡུས་ཏེ། སཱ་ཧི་ལེ་ས་ཁུལ་གྱི་རྒྱལ་ཁབ་དག་གིས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་འབྲེལ་འདྲིས་བྱེད་པའི་སྟབས་བདེ་རང་བཞིན་དང་ས་ཁོངས་ཀྱི་གཅིག་འབྲེལ་གཅིག་མཐུན་འབྲེལ་བ་མཐོར་འདེགས་བྱེད་པར་གྲོས་བསྡུར་བྱས།
ཐེངས་འདིའི་མཐུན་སྦྱོར་ཚོགས་འདུས་མའོ་ལོ་ཀིའི་རྒྱལ་བོ་མུའུ་ཧན་མའོ་ཏི་སྐུ་ཕྲེང་དྲུག་པས་དེའི་སྔོན་བཏོན་པའི་འབྲེལ་ཡོད་གྲོས་གཞི་གཞིར་བཟུང་ཡོད། ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། མུའུ་ཧན་མའོ་ཏི་སྐུ་ཕྲེང་དྲུག་པས་ཡོངས་བསྒྲགས་ཀྱི་གཏམ་བཤད་ཅིག་གི་ནང་བཤད་རྒྱུར། རྒྱལ་སྤྱིའི་གྲོས་འདོན་ཅིག་སྤེལ་བ་དང་། སཱ་ཧི་ལེ་ས་ཁུལ་གྱི་རྒྱལ་ཁབ་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོར་འབྲེལ་འདྲིས་བྱེད་པའི་སྟབས་བདེ་རང་བཞིན་མཐོར་འདེགས་བྱེད་པ། འབྲེལ་ཡོད་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་ཆས་དང་འཕྲིན་གཏོང་དྲ་རྒྱའི་རིམ་པ་འཕར་ནས་མའོ་ལོ་ཀི་ཡིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཐད་ནས་འབྲེལ་ཡོད་རྒྱལ་ཁབ་ལ་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།
ཚེས་ཉེར་གསུམ་ཉིན་གྱི་མཐུན་སྦྱོར་ཚོགས་འདུའི་རྗེས་སུ་སྤེལ་བའི་སྤྱི་སྒྲོག་ལྟར་དུ། ཚོགས་ཞུགས་མཁན་གྱིས་གཏམ་བཤད་སྤེལ་སྐབས་བསྟན་དོན། འབྲེལ་ཡོད་གྲོས་འདོན་དེ་སཱ་ཧི་ལེ་ས་ཁུལ་གྱི་སྐམ་སའི་རྒྱལ་ཁབ་དག་ནུབ་ཀྱི་རྒྱ་མཚོ་ཆེན་མོར་འབྲེལ་འདྲིས་བྱས་ནས། རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་ཆས་ཀྱི་གཅིག་འབྲེལ་གཅིག་མཐུན་ཐད་གོ་སྐབས་བསྐྲུན་དགོས་ཟེར། ཚོགས་ཞུགས་ཕྱོགས་ཁག་སོ་སོས་རྒྱལ་ཁབ་རང་ནས་རྒྱལ་ཁབ་རིམ་པའི་བྱ་བའི་ཚན་ཆུང་བཙུགས་ནས་གྲོས་འདོན་དེ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།