ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་ཉེར་བཞི་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་དགོང་མོར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་མེད་ཅཱ་ཆི་ཡུལ་གྱར་བའི་སྒར་སར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་བདུན་ཅུ་རྐྱེན་ལམ་དུ་ཤོར།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱེད་ས་ནི་མེད་ཅཱ་ཆི་ཡུལ་གྱར་བའི་སྒར་སའི་མི་མང་བོ་འདུས་ས་ཡིན་པ་དང་། འདས་པོ་མང་ཆེ་བ་བུད་མེད་དང་བྱིས་པ་ཡིན་ལ། ཤི་རྨས་ཐེབས་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།
མིག་སྔར་དབྱི་སི་རལ་ཕྱོགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེའི་ཐད་ནས་དཔྱད་བརྗོད་གང་ཡང་སྤེལ་མེད།
ཕཱ་ལེ་སི་ཐན་གྱི་འབྲེལ་ཡོད་མི་སྣས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མེད་ཅཱ་ཆི་ཡུལ་གྱར་བའི་སྒར་ས་ལས་གཞན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་ད་རུང་ཅཱ་ཧྲའི་དབུས་ཕྱོགས་ཀྱི་པུའུ་ལའེ་ཅེ་ཡུལ་གྱར་བའི་སྒར་ས་དང་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཧན་ཡུག་ནེ་སི་ལ་འཇབ་རྒོལ་བྱས་ཟེར།
ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འདས་པའི་དུས་ཚོད་ཉེར་བཞིའི་རིང་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་བསྡོམས་པས་མི་བརྒྱ་དང་རེ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་བརྒྱ་དང་གྱ་བཞིར་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།