ཐུ་ནི་ཞི་ཡཱ་ཡིས་ཚེས་ཉེར་བཞི་ཉིན་ཉིས་སྟོང་ཉེར་གཉིས་ལོའི་རྩ་ཁྲིམས་གསར་བ་ཁྱབ་བསྒྲགས་བྱས་པའི་ཚུན་གྱི་རྒྱལ་ཡོངས་ཀྱི་ས་གནས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཐོག་མ་སྤེལ།
ཐུ་ནི་ཞི་ཡཱའི་ཆེས་མཐོའི་སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་འདེམ་བསྐོ་ལ་བསྡོམས་པས་འདེམ་སྒུག་མི་སྣ་སྟོང་བདུན་དང་ཉིས་བརྒྱ་དང་ལྔ་ས་གནས་ཨུ་ཡོན་ལྷན་ཁང་ཉིས་བརྒྱ་དང་དོན་དགུའི་འཐུས་མིའི་འདེམ་བསྐོའི་བྱ་འགུལ་ནང་ཞུགས་པ་དང་། དེ་ནས་གསར་དུ་བདམས་པའི་འཐུས་མིའི་ཁྲོད་ནས་ཡང་བསྐྱར་མི་དོན་བདུན་བདམས་ནས་ཐུ་ནི་ཞི་ཡཱའི་རྒྱལ་ཡོངས་ས་གནས་དང་ཞིང་ཆེན་ས་ཁུལ་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱེད་རྒྱུ་རེད།
ཆེས་མཐོའི་སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་མན་སི་ལི་ཡིས་ཉིན་དེར་འདེམ་བསྐོའི་བྱ་འགུལ་མཇུག་སྒྲིལ་རྗེས་བསྟན་དོན། འདེམ་བསྐོའི་བརྒྱུད་རིམ་ཁྲོད་སྒྲིག་འགལ་བྱ་སྤྱོད་གང་ཡང་བྱུང་མེད་ཟེར། ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་རྒྱལ་ས་ཐུ་ནི་ཞི་ཡཱ་གྲོང་ཁྱེར་དུ་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་རྗེས་སྨྱན་བྱད་ལ་བསྟན་དོན། ས་གནས་ཨུ་ཡོན་ལྷན་ཁང་གི་འཐུས་མིས་མང་ཚོགས་བར་རྒྱ་ཆེར་འབྲེལ་འདྲིས་བྱེད་ཐུབ་པ་དང་། མི་དམངས་ཀྱི་སེམས་སྒྲ་ངོ་མ་ཡར་ཞུ་བྱེད་ཐུབ་ཟེར།
ཐེངས་འདིའི་ས་གནས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་གྱི་ཐོག་མའི་མཇུག་འབྲས་དེ་ཚེས་ཉེར་བདུན་ཉིན་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་། ཆེས་མཇུག་མཐའི་མཇུག་འབྲས་དེ་ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོར་ཁྱབ་སྒྲོག་བྱེད་རྒྱུ་རེད།
ཐུ་ནི་ཞི་ཡཱའི་ཉིས་སྟོང་ཉེར་གཉིས་ལོར་གྲོས་འཆམ་བྱུང་བའི་རྩ་ཁྲིམས་གསར་བ་ལྟར་ན། ཐུ་ནི་ཞི་ཡཱའི་གྲོས་ཁང་དེ་རྒྱལ་དམངས་གྲོས་ཁང་དང་རྒྱལ་ཡོངས་ཀྱི་ས་གནས་དང་ཞིང་ཆེན་ས་ཁུལ་ཨུ་ཡོན་ལྷན་ཁང་གིས་གྲུབ་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།