དབྱི་ལིང་གིས་ཏི་ཧེ་ལན་གྱི་ཕཱ་ལེ་སི་ཐན་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་བསྡུས།
2023.12.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། དབྱི་ལིང་གིས་ཉིན་དེར་རྒྱལ་ས་ཏི་ཧེ་ལན་ནས་ཏི་ཧེ་ལན་གྱི་ཕཱ་ལེ་སི་ཐན་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་གཙོ་སྒྲུབ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅཱ་ཧྲ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕཱ་ལེ་སི་ཐན་གྱི་མིར་སྔར་ལས་རྒྱབ་སྐྱོར་བྱེད་པར་བརྩོན་ལེན་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་ཚོགས་ཡུན་ཉིན་གཅིག་ཡིན་པའི་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅཱ་ཧྲའི་གཉའ་གནོན་མྱོང་བཞིན་པའི་ཕཱ་ལེ་སི་ཐན་མི་རིགས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱེད་ཆེད་ཡིན་ལ། སྔར་ལས་མང་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པར་མ་ཟད། ཡིའུ་ཐེ་བའི་རྒྱལ་ཁབ་བསྐྱར་འཛུགས་རིང་ལུགས་ཀྱི་སྲིད་དབང་གི་གནོན་ཤུགས་ཇེ་ཆེར་བཏང་སྟེ། དབྱི་སི་རལ་གྱིས་ཅཱ་ཧྲའི་དམག་དོན་འཇབ་རྒོལ་དང་བཀག་སྡོམ་བྱ་སྤྱོད་མཚམས་འཇོག་ཏུ་འཇུག་དགོས་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ནི་དབྱི་ལིང་གིས་ཕཱ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱེད་པའི་ཕྱི་འབྲེལ་ཐད་ཀྱི་བྱ་བའི་ཁག་ཅིག་ཡིན་ཞིང་། རྒྱལ་ཁབ་ལྔ་བཅུ་ལྷག་གི་ཆབ་སྲིད་དང་། ཆོས་ལུགས། སྨྱན་བྱད་ལས་རིགས་བཅས་ཀྱི་མི་སྣ་དང་མཁས་པ་སོགས་གྲོས་ཚོགས་ལ་ཞུགས་ཡོད་ཟེར།

དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་འཛམ་གླིང་ཡོངས་ཀྱི་བཙན་དབང་མ་ལག་གིས་ཅཱ་ཧྲ་ས་ཁུལ་གྱི་འགྲོ་མིའི་ཐོབ་ཐང་ལ་གནོད་པ་སྐྱེལ་བཞིན་ཡོད་པར་རྒོལ་གཏམ་བཏང་བ་དང་། ཉེ་སྔོན་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་ཤི་རྨས་དང་ཅཱ་ཧྲ་ས་ཁུལ་གྱི་སྡོད་ཁང་ལ་གཏོར་བཤིག་བཏང་བར་ཡིད་འཕང་བའི་ཚུལ་བསྟན་པར་མ་ཟད། ཨ་མེ་རི་ཁས་ཅཱ་ཧྲའི་མ་འོངས་པར་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།