དབྱི་སི་རལ་གྱི་ཙུང་ལི་ཡིས་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལ་ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེབས་མེད་པའི་ཚུལ་བསྟན།
2023.12.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་བཞི་ཉིན་ཐི་ལཱ་ཝེ་ཧྥུའུ་ས་བསྟན་དོན། དབྱི་སི་རལ་དམག་དཔུང་གི་འགུལ་སྐྱོད་དེས་འཐབ་འཁྲུག་གི་དགོས་མཁོ་གཞིར་འཛིན་དགོས་པ་དང་། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེབས་མེད་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་སྲིད་འཛིན་ལས་ཁུངས་ཀྱི་གྲོས་ཚོགས་སྟེང་སྨྱན་བྱད་ཀྱིས་བསྒྲགས་པའི་ཨ་མེ་རི་ཁས་དབྱི་སི་རལ་ས་ཁུལ་རང་གི་འགུལ་སྐྱོད་ལ་བཀག་འགོག་བྱེད་བཞིན་ཡོད་པའི་གནས་ཚུལ་དེ་ཁས་ལེན་མ་བྱས། ཁོས་བཤད་རྒྱུར། བདག་དབང་རྒྱལ་ཁབ་ཡིན་པའི་ཆ་ནས། དབྱི་སི་རལ་གྱི་ཆོད་དོན་དེས་འཐབ་འཁྲུག་གི་གནས་བབ་ལ་བསམ་བློ་གཏོང་བཞིན་ཡོད་ལ། དམག་དཔུང་ཇི་ལྟར་བཀོལ་སྤྱོད་བྱེད་པ་ནི་དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་སྒེར་ཚུགས་ཀྱིས་ཐག་གཅོད་བྱེད་བཞིན་ཡོད་པ་དང་། ཕྱི་ཕྱོགས་ཀྱི་གནོན་ཤུགས་གང་ཡང་ཐེབས་མེད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། དེ་ནི་ཡུན་རིང་བའི་འཐབ་འཁྲུག་ཅིག་ཡིན། དབྱི་སི་རལ་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་གཏོར་བཤིག་གཏོང་བ་དང་བཀག་འཇུག་བྱས་པའི་མི་སྣ་ཚང་མ་ཕྱིར་གཏོང་བ། ཅཱ་ཧྲ་ས་ཁུལ་གྱིས་དབྱི་སི་རལ་ལ་འཇིགས་ཉེན་གང་ཡང་བཟོ་མི་སྲིད་པར་འགན་སྲུང་བྱེད་པ་བཅས་ཀྱི་དམིགས་འབེན་ཚང་མ་མངོན་འགྱུར་བྱེད་རག་བར་དུ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་ཉིན་གཅིག་གི་རིང་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་ཉིས་བརྒྱ་ཙམ་ལ་འཇབ་རྒོལ་བྱས་པ་དང་། ཧཱ་མཱ་སིའི་དྲག་ཆས་མི་སྣ་མང་བོ་བསད་ཡོད་ཟེར། གཞན་ཡང་ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་གཙོ་བོ་འཇབ་རྒོལ་བྱེད་སར་པུའུ་ལའེ་ཅེ་ཡུལ་གྱར་བའི་སྒར་ས་དང་ནོའུ་སེ་ལའེ་ཐི་ཡུལ་གྱར་བའི་སྒར་ས། མེད་ཅཱ་ཆི་ཡུལ་གྱར་བའི་སྒར་ས། དེ་མིན་ཏའེ་ཨར་པེད་ལཱ་ཧིའི་ཤར་ཕྱོགས་ས་ཁུལ་བཅས་འདུས་ཡོད་ལ། ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།