མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཀི་ལོན་ཏི་པེ་ལི་ཡིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གསར་བ་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་གཙོ་བྱས་པའི་ཞི་བདེའི་འཕེལ་རིམ་གྱི་གྲོས་མོལ་སླར་གསོ་བྱེད་པར་གྲ་སྒྲིག་བྱེད་རྒྱུར་ཡིད་འཐད་བྱུང་། དེའི་རྗེས་སུ་ཕྱོགས་ཁག་སོ་སོས་གྲོས་གཞི་མང་བོར་ལམ་ཐིག་འཆར་གཞི་གཏན་འབེབས་བྱེད་དགོས་ལ། དེ་རྡོ་སྣུམ་ཕྱིར་གཏོང་དང་། སཱ་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཧི་ཐེ་ཏཱ་གྲུ་ཁའི་སྐྱེལ་འདྲེན་ཚོང་གཉེར་སོགས་ལ་འབྲེལ་ཡོད། ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་པར། ཧུའུ་སེ་དྲག་ཆས་པས་རྒྱལ་ས་སཱ་ནཱ་འཕྲོག་ལེན་བྱས་པ་དང་། དེའི་རྗེས་སུ་ཡང་བསྐྱར་ཡེ་མིན་ལྷོ་ཕྱོགས་ས་ཁུལ་བཙན་བཟུང་བྱས་པ་རེད།
ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར། སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པར་དམག་དོན་འགུལ་སྐྱོད་སྤེལ་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།