དབྱི་ལིང་གི་ཆེས་མཐོའི་བློ་འདོན་པ་ཞིག་དབྱི་སི་རལ་གྱིས་སི་རི་ཡཱ་ལ་བར་སྣང་འཇབ་རྒོལ་བྱེད་སྐབས་རྐྱེན་ལམ་དུ་ཤོར།
2023.12.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

དབྱི་ལིང་དབྱི་སི་ལན་གསར་བརྗེ་རུ་ཁག་གི་སི་རི་ཡཱའི་དམག་དོན་བློ་འདོན་པའི་འགན་ཁུར་བའི་མཐོ་རིམ་བཀོད་འདོམ་དཔོན་པོ་ཞིག་ཚེས་ཉེར་ལྔ་ཉིན་དབྱི་སི་རལ་གྱིས་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ལ་བར་སྣང་འཇབ་རྒོལ་བྱེད་སྐབས་རྐྱེན་ལམ་དུ་ཤོར་ཟེར།

དབྱི་ལིང་དབྱི་སི་ལན་གསར་བརྗེ་རུ་དཔུང་གིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། མུའུ་སཱ་ཝེ་ཉིན་དེར་དབྱི་སི་རལ་གྱི་འཕུར་མདའི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར། ཁོ་ནི་དབྱི་ལིང་དབྱི་སི་ལན་གསར་བརྗེ་རུ་དཔུང་གི་སི་རི་ཡཱ་ནས་སྡོད་ཡུན་ཆེས་རིང་ཞིང་། ཉམས་མྱོང་ཆེས་ཕུན་སུམ་ཚོགས་པའི་བློ་འདོན་པ་ཞིག་ཡིན་ལ། སྔོན་ཆད་དབྱི་ལིང་གི་ཆེས་མཐོའི་དམག་དཔོན་སུའུ་ལའེ་མན་ནེ་ཡི་འཐབ་གྲོགས་ཡིན་ཟེར། གསལ་སྒྲོག་ལས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱིས་རང་གི་ཉེས་སྤྱོད་དེར་རིན་དོད་ཆེན་པོ་གཏོང་དགོས་ཡོད་ཟེར།

དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་བསམ་སྦྱོར་ངན་པ་དེ་ལས་རང་ས་ཁུལ་གྱི་རེ་ཆད་དང་ནུས་མེད། སྐྱབས་མེད་བཅས་ཡང་བསྐྱར་ར་སྤྲོད་བྱས་ཡོད་ལ། དབྱི་སི་རལ་གྱིས་རང་གི་ནག་ཉེས་དེའི་ཆེད་དུ་རིན་དོད་འདོན་དགོས་པ་ཁོ་ཐག་ཡིན་ཟེར།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་ལྔ་ཉིན་ཏཱ་མཱ་ཧྲི་ཀིའི་ཉེ་འདབས་ཀྱི་སེ་དབྱེ་ཏཱ་ཀྲ་དབྱེ་ནཱ་པུའུ་ལ་འཇབ་རྒོལ་བྱས་པ་དང་། མུའུ་སཱ་ཝེ་འཇབ་རྒོལ་དེའི་ཁྲོད་རྐྱེན་ལམ་དུ་ཤོར་བ་རེད་ཟེར།

སི་རི་ཡཱའི་སྨྱན་བྱད་ཧྲ་མུའུ་འཕྲིན་ལམ་གྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེར་ཏཱ་མཱ་ཧྲི་ཀིའི་ལྷོ་འདབས་ཀྱི་སེ་དབྱེ་ཏཱ་ཀྲ་དབྱེ་ནཱ་པུའུ་ལ་འགས་གཏོར་བཏང་སྟེ་མི་སྣར་ཤི་རྨས་དང་སྒྲིག་ཆས་ལ་གཏོར་བརླག་ཐེབས་ཟེར། སི་རི་ཡཱའི་འབྲེལ་ཡོད་མི་སྣས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་ལིང་གི་མི་གཉིས་འཇབ་རྒོལ་དེའི་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།