ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཏོན་ནེ་ཚི་ཁི་ས་ཁུལ་གྱི་མཱ་ལིན་ཁཱ་གྲོང་རྡལ་ཡོངས་སུ་བདག་བཟུང་བྱས་ཡོད་ཟེར།
ཧྲའོ་དབྱེ་ཀུའུ་ཡིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་སྙན་ཞུ་བྱེད་སྐབས་བཤད་རྒྱུར། དཔུང་འཇུག་འགུལ་སྐྱོད་སྤེལ་བ་བརྒྱུད། ལྷོ་ཕྱོགས་སྡེ་ཚོགས་དམག་གི་ཐོལ་རྒོལ་དམག་དཔུང་གིས་ཉིན་དེར་ཏོན་ནེ་ཚི་ཁི་གྲོང་ཁྱེར་ལྷོ་ནུབ་ཕྱོགས་ཀྱི་མཱ་ལིན་ཁཱ་གྲོང་རྡལ་ཕྱོགས་ཡོངས་ནས་བཅིངས་འགྲོལ་བྱས་ཡོད་ཟེར།
ཕུའུ་ཅིན་གྱིས་བསྟན་དོན། མཱ་ལིན་ཁཱ་བདག་བཟུང་བྱས་རྗེས། ཨུ་རུ་སིའི་དམག་དཔུང་ལ་འཐབ་འཁྲུག་གི་བར་སྟོང་སྔར་ལས་ཆེན་པོ་ཐོབ་ངེས་རེད་ཟེར།
གཞན་ཡང་ཝུའུ་ཁི་ལན་གྱི་རྒྱལ་སྤྱིའི་འཕྲིན་གཏོང་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་དམག་དཔུང་གི་ཐཱ་ཧྥུའུ་ལི་ཡཱ་འཐབ་འཁྲུག་སྡེ་ཚོགས་ཀྱི་མགྲིན་ཚབ་པ་ཧྲི་ཐུའུ་ཕིན་གྱིས་ཉིན་དེར་བརྙན་འཕྲིན་ལེ་ཚན་ཁྲོད་བཤད་རྒྱུར། མཱ་ལིན་ཁཱ་ཡོངས་སུ་བདག་བཟུང་བྱས་པར་བཤད་ན་ཡང་དག་མིན་ཟེར། ཁོས་བསྟན་དོན། འཐབ་འཁྲུག་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། ཝུའུ་ཁི་ལན་གྱི་དམག་དཔུང་གིས་སྔར་བཞིན་མཱ་ལིན་ཁཱ་རུ་འཐབ་འཁྲུག་བྱེད་བཞིན་ཡོད་ཀྱང་། གྲོང་རྡལ་ཧྲིལ་བོར་གཏོར་བཤིག་ཚབས་ཆེན་བཏང་ཡོད་ཟེར།
མཱ་ལིན་ཁཱ་ནི་ཏོན་ནེ་ཚི་ཁི་གྲོང་ཁྱེར་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་སུ་ཡོད་པ་དང་། ཨུ་རུ་སིའི་དམག་དཔུང་གིས་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་སྐབས། མཱ་ལིན་ཁཱ་ནི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཡང་དང་བསྐྱར་དུ་འཕྲོག་རྩོད་བྱེད་སའི་གནས་ཤིག་ཏུ་གྱུར་ཡོད་ལ། ཕྱོགས་གཉིས་ཀྱིས་གནས་དེའི་ཆེད་དུ་དུས་ཡུན་རིང་བོར་འཁྲུག་རྩོད་དྲག་པོ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།