ཨེ་ཅིབ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་བརྒྱུད་དེ་ཅཱ་ཧྲའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།
2023.12.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་ལ་ཉིན་དེར་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གི་ཁ་པར་འབྱོར་བ་དང་། ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཅཱ་ཧྲ་ས་ཁུལ་གྱི་སྔར་ལས་ཚབས་ཆེན་དུ་འགྱུར་བཞིན་པའི་མི་ཆོས་རིང་ལུགས་ཀྱི་གནས་བབ་དང་བདེ་འཇགས་གནས་ཚུལ་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། རྒྱལ་སྤྱིའི་འགུལ་སྐྱོད་ལ་ཇི་ལྟར་མཐུན་སྦྱོར་བྱས་ནས་ཕཱ་ལེ་སི་ཐན་མི་དམངས་ཀྱི་དཀའ་སྡུག་ཇེ་ཆུང་དུ་གཏོང་བར་གྲོས་བསྡུར་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཧྲུའུ་ཁའེ་ལི་ཡིས་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་ལ་ཨེ་ཅིབ་ཀྱིས་ཅཱ་ཧྲ་ས་ཁུལ་དུ་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་བཀག་མེད་ཡོང་བར་འགན་སྲུང་བྱེད་པའི་བྱ་བ་མཚམས་སྦྱོར་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉེ་སྔོན་བཀོད་པའི་གྲོས་ཆོད་གཉིས་བདུན་གཉིས་ཐིག་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པར་དགོས་གལ་ཆེ་བ་ནན་གྱིས་བསྟན།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གཉིས་ཉིན་འདེམ་ཤོག་བཅུ་གསུམ་ཡིད་འཐད་བྱུང་བ་དང་འདེམ་ཤོག་གཉིས་ཀྱིས་དབང་ཆ་བསྐྱུར་བའི་མཇུག་འབྲས་ཀྱིས་གྲོས་ཆོད་གཉིས་བདུན་གཉིས་ཐིག་ལ་གྲོས་མཐུན་བཀོད་དེ་མྱུར་མོར་བདེ་འཇགས་ཡིན་ཞིང་བཀག་རྒྱ་མེད་པའི་སྒོ་ནས་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་གཞི་རྒྱ་ཆེ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པར་མ་ཟད། བསྟུད་མར་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་པར་ཆ་རྐྱེན་བསྐྲུན་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།