ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཨུ་རུ་སིའི་ཧྲིན་པིས་ཏི་པའོ་ནས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཆེས་མཐོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་བསྡུས་པར་མ་ཟད། དཔལ་འབྱོར་འཕེལ་རྒྱས་བསྒྲགས་གཏམ་སོགས་ཡིག་ཆ་མང་བོ་བཀོད་དེ། སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཁ་ཕྱོགས་གསལ་སྟོན་བྱས།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ། ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཧྲི་ནེ་དབྱང་སོགས་ཉིན་དེའི་གྲོས་ཚོགས་ལ་ཞུགས། ཕྱོགས་སོ་སོས་འདས་པའི་ལོ་འགའི་རིང་གི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་མཉམ་ལས་གྲུབ་འབྲས་དང་མ་འོངས་པའི་མཉམ་ལས་མདུན་ལྗོངས་ལ་གྲོས་བསྡུར་བྱས་པ་དང་། མནའ་འབྲེལ་གྱི་ཉིས་སྟོང་སུམ་ཅུ་ལོ་ནས་ཉིས་སྟོང་ཞེ་ལྔ་ལོའི་བར་གྱི་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་ཀྱི་བསྒྲགས་གཏམ་དང་། མནའ་འབྲེལ་གྱི་ཉིས་སྟོང་ཉེར་བཞི་ལོའི་རྒྱལ་སྤྱིའི་ཁ་ཕྱོགས་གཙོ་བོའི་སྐོར་གྱི་ཡིག་ཆ། མནའ་འབྲེལ་གྱི་ཉིས་སྟོང་ཉེར་བཞི་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་ཆེ་མཐོང་དཔལ་འབྱོར་སྲིད་ཇུས་ཀྱི་བྱེད་ཕྱོགས་གཙོ་བོ་སྐོར་གྱི་ཡིག་ཆ་སོགས་བཀོད།
ཕུའུ་ཅིན་གྱིས་ཚོགས་ཐོག་ནས་བཤད་རྒྱུར། དཔལ་འབྱོར་འཕེལ་རྒྱས་བསྒྲགས་གཏམ་ནི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་གསར་བ་ཞིག་ཡིན་པ་དང་། དེས་གནད་འགག་ལས་རིགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་བྱེ་བྲག་གི་བྱེད་ཐབས་གསལ་བོར་བསྟན་ཡོད་པར་མ་ཟད། མཉམ་འབྲེལ་ཁྱབ་ཁོངས་གསར་བ་གཏན་འཁེལ་བྱས་ཡོད་ཟེར། ཁོས་བསྟན་དོན། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་བཙུགས་ནས་ལོ་ངོ་བཅུ་ཙམ་གྱི་རིང་ལ། ཁོངས་གཏོགས་རྒྱལ་ཁབ་བར་གྱི་ཉོ་ཚོང་འབོར་གྲངས་ལྡབ་འགའ་འཕར་ཡོད་པ་དང་། རྒྱལ་ཁབ་སོ་སོའི་རྒྱལ་ནང་གི་སྤྱིའི་ཐོན་རིན་མེ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་དྲུག་ནས་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་ལྔར་འཕར་སྣོན་བྱུང་ཡོད་ཟེར།
དེ་ལས་གཞན་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ལྔའི་འཐུས་མིས་ཉིན་དེར་དབྱི་ལིང་སྲིད་གཞུང་གི་འཐུས་མི་དང་མཉམ་དུ་ཕྱོགས་ཡོངས་ཀྱི་རང་དབང་ཉོ་ཚོང་གྲོས་ཆོད་བཀོད་དེ། ཉིས་སྟོང་བཅུ་དགུ་ལོ་ནས་བཟུང་ལག་བསྟར་བྱས་པའི་གནས་སྐབས་ཉོ་ཚོང་གྲོས་ཆོད་ཀྱི་ཚབ་བྱས་པ་རེད།
ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན། ཨེ་མེ་ནི་ཡཱ་ཡིས་ཨུ་རུ་སིའི་ཚབ་དུ་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་ཉིས་སྟོང་ཉེར་བཞི་ལོའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།