ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། རྩ་འཛུགས་དེས་ཉིན་དེར་མཚོ་དམར་ལྷོ་ངོས་ཀྱི་མཚོ་ཁོངས་སུ་བགྲོད་པའི་ཚོང་དོན་གྲུ་གཟིངས་ཤིག་ལ་འཕུར་མདའི་འཇབ་རྒོལ་བྱས་པ་ཡིན་ཟེར།
ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཚོང་དོན་གྲུ་གཟིངས་དེས་ཐེངས་མང་བོར་ཧུའུ་སེ་དྲག་ཆས་པས་བཏང་བའི་ཉེན་བརྡ་དང་ལེན་མ་བྱས་པས། ཧུའུ་སེ་དྲག་ཆས་པའི་མཚོ་ཐོག་དམག་དཔུང་གིས་འཕུར་མདའི་འཇབ་རྒོལ་བྱས་པ་ཡིན་ཟེར། སཱ་ལོས་ཡཱ་ཡིས་ཚོང་དོན་གྲུ་གཟིངས་དེར་འཕུར་མདའི་གཏོར་བཤིག་ཐེབས་ཡོད་མིན་གསལ་བོར་བསྒྲགས་མེད།
ས་དཀྱིལ་མཚོ་ཁོངས་སྐྱེལ་འདྲེན་ཀུང་ཟིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཀུང་ཟི་དེའི་ཁོངས་སུ་གཏོགས་པའི་མཉམ་འབྲེལ་ཨང་བརྒྱད་པ་རྟགས་ཅན་གྱི་ཚོང་དོན་གྲུ་གཟིངས་དེ་མཚོ་དམར་ལྷོ་ཕྱོགས་མཚོ་ཁོངས་སུ་བགྲོད་སྐབས་འཇབ་རྒོལ་ཐེབས་པ་དང་། གྲུ་གཟིངས་སྟེང་གི་གྲུ་བ་ཚང་མ་བདེ་འཚམ་ཡིན་ལ། མི་སྣར་རྨས་སྐྱོན་ཕོག་པའི་སྙན་ཞུ་བསྒྲགས་མེད་ལ། གྲུ་གཟིངས་དེའི་གནས་ཚུལ་ལ་དཔྱད་འཇོག་བྱེད་བཞིན་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཚོང་དོན་གྲུ་གཟིངས་དེ་ནི་སོ་ཏི་ཨ་རབ་ནས་ལམ་དུ་ཆས་ནས་ཕཱ་ཁི་སི་ཐན་དུ་བགྲོད་བཞིན་ཡོད། འཇབ་རྒོལ་ཐེབས་རྗེས་གྲུ་གཟིངས་དེས་ཉེ་འདབས་ཀྱི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་དམག་གྲུ་ཞིག་ལ་བརྡ་བཏང་བ་དང་། དེའི་བཀོད་འདོམ་ལྟར་ཁ་ལོ་བྱས་པ་རེད་ཟེར།
དེ་ལས་གཞན་སཱ་ལོས་ཡཱ་ཡིས་གསལ་སྒྲོག་ནང་ད་རུང་བསྟན་དོན། ཧུའུ་སེ་དྲག་ཆས་པས་ཉིན་དེར་མི་བསྡད་མེད་པའི་གནམ་གྲུ་མང་བོ་བེད་སྤྱད་དེ་དབྱི་སི་རལ་ལྷོ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་ཨེ་ལཱ་ཐི་རུ་འཇབ་རྒོལ་བྱས་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་མཚོ་དམར་ཉེ་འདབས་སུ་དགྲར་འཛིན་བྱ་སྤྱོད་ཡོད་པའི་བར་སྣང་གི་དམིགས་འབེན་ལ་ཆམ་ཕབ་བཏང་ཡོད་ཟེར།
གཞན་ཡང་ཨེ་ཅིབ་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དྲུག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་ཡིས་ཉིན་དེར་རྒྱལ་ས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཅཱ་ཧྲའི་གནས་བབ་དང་མཚོ་དམར་གྱི་འགྲུལ་བཞུད་བདེ་འཇགས་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།