དབྱི་རག་གིས་ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་མངའ་ཁོངས་ཀྱི་དྲག་ཆས་རྩ་འཛུགས་ཀྱི་སྒྲིག་ཆས་ལ་ཆམ་ཕབ་བཏང་བར་རྒོལ་གཏམ་བཏང་།
2023.12.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

དབྱི་རག་གི་ཙུང་ལིའི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་དབྱི་རག་མངའ་ཁོངས་ཀྱི་དྲག་ཆས་རྩ་འཛུགས་ཀྱི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པར་མ་ཟད། ཐེངས་འདིའི་དམག་དོན་འགུལ་སྐྱོད་ནི་དགྲར་འཛིན་གྱི་བྱ་སྤྱོད་ཅིག་ཡིན་པ་མངོན་གསལ་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་འགུལ་སྐྱོད་ལས་དབྱི་རག་གི་བདེ་འཇགས་དམག་དཔུང་གི་མི་སྣ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སེར་དཀྱུས་མ་དང་བཅས་པའི་མི་བཅོ་བརྒྱད་ལ་རྨས་ཕོག་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དམག་དོན་འགུལ་སྐྱོད་དེ་ཕྱོགས་སོ་སོའི་བདེ་འཇགས་དང་གཏན་འཇགས་ཀྱི་ཐུན་མོང་ཁེ་ཕན་དང་མི་འཚམ་པ་དང་། ཨ་མེ་རི་ཁས་སྒྲོག་པའི་ཨ་མེ་རི་ཁ་དང་དབྱི་རག་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པའི་རེ་འདུན་དང་རྒྱབ་འགལ་དུ་གྱུར་ཡོད་པར་མ་ཟད། རྒྱལ་སྤྱིའི་མནའ་འབྲེལ་ཕྱིར་འཐེན་བྱེད་པའི་བྱ་བ་སྔར་ལས་རྙོག་འཛིང་དུ་གྱུར་ཡོད་ཟེར།

མིང་བཤད་མི་འདོད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེའི་ཞོགས་པར་དབྱི་རག་གི་དམངས་དམག་དྲག་ཆས་པ་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་དབྱི་རག་གི་པཱ་པུས་ལོན་ཞིང་ཆེན་དང་ཝ་ཞི་ཐི་ཞིང་ཆེན་དུ་ཡོད་པའི་དམག་དོན་སྒྲིག་ཆས་ལ་འཇབ་རྒོལ་བྱས་ཏེ་མི་སྣར་ཤི་རྨས་བཟོས་པ་རེད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་གྱིས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་དབྱི་རག་མངའ་ཁོངས་ཀྱི་སྒྲིག་ཆས་གསུམ་ལ་གནད་འཁེལ་ཆམ་ཕབ་བཏང་ཟེར། ཐེངས་འདིའི་འགུལ་སྐྱོད་ནི་དབྱི་རག་གིས་རྒྱབ་སྐྱོར་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱིས་ཉེ་སྔོན་དབྱི་རག་དང་སི་རི་ཡཱ་མངའ་ཁོངས་ནས་ཨ་མེ་རི་ཁའི་མི་སྣར་དམིགས་པའི་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་བཟོས་པར་རྒོལ་ལན་སྤྲད་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།