དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། དྷི་ལེ་གསར་བ་རུ་ཡོད་པའི་དབྱི་སི་རལ་དུ་སྡོད་པའི་རྒྱ་གར་གྱི་གཞུང་ཚབ་ཁང་གི་ཉེ་འདབས་སུ་ཉིན་དེར་འགས་གཏོར་དོན་རྐྱེན་བྱུང་བ་དང་། འགས་གཏོར་ལས་མི་སྣར་ཤི་རྨས་བཟོས་མེད་ཟེར།
དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། གཞུང་ཚབ་ཁང་གི་ཕྱི་འབྲེལ་མི་སྣ་དང་ལས་བྱེད་མི་སྣ་ཚང་མ་བདེ་འཚམ་ཡིན་ལ། དབྱི་སི་རལ་གྱི་བདེ་འཇགས་སྡེ་ཁག་གིས་རྒྱ་གར་ཕྱོགས་དང་མཉམ་དུ་དོན་རྐྱེན་དེར་མཉམ་འབྲེལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།
རྒྱ་གར་སྨྱན་བྱད་ཀྱིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཉེན་རྟོག་ཕྱོགས་ལ་ཉིན་དེའི་དགོང་མོའི་དུས་ཚོད་དྲུག་ཡས་མས་སུ་ཉེན་བརྡ་འབྱོར་ནས། དྷི་ལེ་གསར་བའི་གཞུང་ཚབ་ཁང་ས་ཁུལ་དུ་འགས་གཏོར་དོན་རྐྱེན་བྱུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།