ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་ཉེར་བདུན་ཉིན་རྒྱལ་ས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་སོགས་གནད་དོན་ལ་གྲོས་བསྡུར་བྱས།
ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཇི་ལྟར་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། གཙོ་བོ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་དང་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་ལ་གྲོས་བསྡུར་བྱས།
རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བསྟན་དོན། ཕཱ་ལེ་སི་ཐན་གྱི་མི་རང་ཡུལ་དང་འབྲལ་བའམ་རྒྱལ་ནང་དུ་ཡུལ་འཁྱམས་བྱེད་པའི་གཡོ་ཇུས་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་བསྟར་སྐུལ་འདེད་གཏོང་དགོས་པའི་ཐག་གཅོད་བྱེད་ཐབས་ནི་མྱུར་དུ་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་རྒྱུ་དེ་ཡིན་པར་མ་ཟད། མྱུར་མོར་རྒུད་སྐྱོབ་རོགས་སྐྱོར་འདང་ཚིམས་པ་འདོན་སྤྲོད་བྱས་ནས། ངེས་པ་དོན་གྱིས་ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ཀྱི་དཀའ་སྡུག་ཇེ་ཡང་དུ་གཏོང་དགོས་ཟེར།
ཁོ་ཚོས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་ཁྲིམས་མཐུན་ཅན་གྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་སྟེ། སྔ་མོ་ནས་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་ཤིང་། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པ་དང་། དྲང་བདེན་སྒོས་ཕྱོགས་ཡོངས་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།