མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། ཧི་ལན་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་ནོར་སྲིད་བློན་ཆེན་ཁཱ་ཀི་ཅཱ་ཧྲ་ས་ཁུལ་གྱི་མཐོ་རིམ་མི་ཆོས་རིང་ལུགས་དང་བསྐྱར་འཛུགས་ཀྱི་མཐུན་སྦྱོར་བར་བསྐོ་འཇོག་བྱས་ཟེར།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གཉིས་ཉིན་གྲོས་མཐུན་བཀོད་པའི་གྲོས་ཆོད་གཉིས་བདུན་གཉིས་ཐིག་ལྟར་ན། ཁཱ་ཀི་ཡིས་ཅཱ་ཧྲ་ས་ཁུལ་དུ་འདོན་སྤྲོད་བྱས་པའི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་ཀྱི་མཐུན་སྦྱོར་དང་ཚད་འཇལ། རྟོག་ཞིབ་བཅས་བྱེད་པའི་འགན་ཁུར་རྒྱུ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྐྱེན་སྲོལ་བཙུགས་ནས། འཁྲུག་རྩོད་མེད་པའི་ས་ཁུལ་བརྒྱུད་ནས་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱས། དེའི་བརྒྱུད་རིམ་ཁྲོད། ཁཱ་ཀི་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་གཞིའི་ལས་དོན་ཐིན་གྱི་རྒྱབ་སྐྱོར་ཐོབ་སྲིད་ལ། ཁོ་མོས་ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་ཚེས་བརྒྱད་ཉིན་ནས་བཟུང་ལས་འགན་ལག་བསྟར་བྱེད་མགོ་རྩོམ་རྒྱུ་རེད།
ཁཱ་ཀི་ཡིས་སྔ་གཞུག་ཏུ་ཧི་ལན་གྱི་ཉོ་ཚོང་དང་འཕེལ་རྒྱས་ཀྱི་མཉམ་ལས་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་མྱོང་། ཁོ་མོས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ནས་མཐོ་རིམ་ལས་འགན་རབ་དང་རིམ་པ་ཁུར་མྱོང་། དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་དམིགས་བསལ་མཐུན་སྦྱོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་གི་དྲུང་ཡིག་ལས་རོགས་པ། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མའི་ས་ཁོངས་ཀྱི་ཀྲུའུ་རིན་སོགས་འདུས། ཁོ་མོས་ཧི་ལན་སྐད་དང་འཇར་མན་སྐད། ཧྥ་རན་སིའི་སྐད། དབྱིན་སྐད། སི་ཕན་སྐད། ཨ་རབ་སྐད་བཅས་ཤེས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།