ཐུར་ཁེས་སི་རི་ཡའི་བྱང་ཕྱོགས་སུ་ཁུའུ་ཨར་ཏི་དྲག་ཆས་པའི་མཐོ་རིམ་ཁོངས་མི་ཞིག་བསད།
2023.12.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཐུར་ཁེའི་ཨ་ནཱ་ཏོ་ལུའུ་འཕྲིན་གཏོང་ཁང་གིས་ཚེས་ཉེར་བརྒྱད་ཉིན་ཐུར་ཁེའི་གསང་འཕྲིན་སྡེ་ཁག་གི་ཆ་འཕྲིན་མི་སྣའི་སྐད་ཆ་དྲངས་ནས་བཤད་རྒྱུར།   ཐུར་ཁེའི་གསང་འཕྲིན་སྡེ་ཁག་གིས་སི་རི་ཡའི་བྱང་ཕྱོགས་སུ་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་ཀྱི་མཐོ་རིམ་ཁོངས་མི་ཞིག་བསད་ཟེར།

བསྒྲགས་པ་ལྟར་ན།  ཐུར་ཁེའི་རྒྱལ་ཁབ་གསང་འཕྲིན་ཅུའུ་ཡིས་སི་རི་ཡའི་བྱང་ཕྱོགས་ཀྱི་ཐུར་ཁེ་དང་སི་རི་ཡའི་མཐའ་མཚམས་ས་ཁུལ་གྱི་འགུལ་སྐྱོད་ཅིག་གི་ཁྲོད་དུ་སི་རི་ཡའི་ཁུའུ་ཨར་ཏི་དྲག་ཆས་པའི་མི་དམངས་སྲུང་སྐྱོབ་དམག་དཔུང་གི་མཐོ་རིམ་ཁོངས་མི་ཨེ་མན་ཁུ་ལི་བསད་ཟེར།

ཐུར་ཁེའི་གསང་འཕྲིན་སྡེ་ཁག་གིས་བལྟས་ན།   ས་ཁུལ་དེའི་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་ཀྱིས་དེའི་སྔོན་ཐུར་ཁེ་དང་སི་རི་ཡའི་མཐའ་མཚམས་སུ་ཐུར་ཁེའི་བདེ་འཇགས་དམག་དཔུང་ལ་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་ལ་འཆར་འགོད་བྱས་པར་འདོད།

ཁུའུ་ཨར་ཏི་བཟོ་བའི་ཏང་ནི1979ལོར་བཙུགས་པ་དང་།   དྲག་ཤུགས་ལ་བརྟེན་ནས་ཐུར་ཁེ་དང་དབྱི་རག   དབྱི་ལང་དང་སི་རི་ཡའི་འབྲེལ་མཚམས་ཁུལ་གྱི་ཁུའུ་ཨར་ཏི་བའི་འདུས་སྡོད་ཁུལ་དུ་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པར་རེ་བཞིན་ཡོད་པ་དང་།   ཐུར་ཁེས་དེ་འཇིགས་སྐུལ་རྩ་འཛུགས་སུ་བརྩི་བཞིན་ཡོད།

2011ལོར་སི་རི་ཡའི་ནང་འཁྲུག་བྱུང་བའི་ཚུན་ལ། མི་དམངས་སྲུང་སྐྱོབ་དམག་དཔུང་གིས་ཁུའུ་ཨར་ཏི་བ་འདུས་སྡོད་བྱས་ཡོད་པའི་སི་རི་ཡའི་བྱང་ཕྱོགས་ས་ཁུལ་དུ་འགུལ་སྐྱོད་སྤེལ་བཞིན་ཡོད་པ་དང་།   གཙོ་བོར་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་བར་འཐབ་རྩོད་བྱེད་བཞིན་ཡོད་ལ།    མིག་སྔར་སི་རི་ཡའི་བྱང་ཕྱོགས་ཀྱི་ས་ཁུལ་མང་པོ་བདག་བཟུང་བྱས་ཡོད།   ཐུར་ཁེའི་སྲིད་གཞུང་གིས་བལྟས་ན་སི་རི་ཡའི་ཁུའུ་ཨར་ཏི་དྲག་ཆས་པ་དང་ཐུར་ཁེའི་ཁུའུ་ཨར་ཏི་བཟོ་བའི་ཏང་བར་འབྲེལ་བ་ཡོད་པར་འདོད།

ཉེ་བའི་ལོ་འགའི་རིང་ལ། ཐུར་ཁེའི་དམག་དཔུང་གིས་ཐེངས་མང་པོར་མཁའ་ཁོངས་བརྒལ་ནས་དབྱི་རག་དང་སི་རི་ཡའི་མངའ་ཁོངས་ཀྱི་ཁུའུ་ཨར་ཏི་དྲག་ཆས་མི་སྣར་རྡུང་རྡེག་བཏང་།

ལྷ་མོ་ཚེ་རིང་གིས་བསྒྱུར།