སོ་ལོ་མོན་གླིང་ཚོམ་ལ་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྐོར་གཉིས་པའི་སྨན་བཅོས་རུ་ཁག་གིས་ཉེ་ལམ་སོ་ལོ་མོན་གླིང་ཚོམ་ནུབ་ཕྱོགས་ཀྱི་ཞིང་ཆེན་མིན་ཏཱ་ས་ཁུལ་དུ་སོང་ནས་དུས་ཡུན་ཉིན་དྲུག་གི་ཆེད་ཚན་འོས་འགན་ནད་བརྟག་སྨན་བཅོས་བྱ་འགུལ་ཡོངས་འགྲུབ་བྱས་ཏེ་ས་གནས་མང་ཚོགས་དང་སྨན་བཅོས་མི་སྣས་གདེང་འཇོག་ཆེན་པོ་ཐོབ། དེ་ནི་ཀྲུང་གོའི་སྐོར་གཉིས་པའི་སྨན་བཅོས་རུ་ཁག་ད་ལོའི་ཟླ་གསུམ་པར་སོ་ལོ་མོན་གླིང་ཚོམ་དུ་འབྱོར་བའི་ཚུན་ལ་གླིང་ཚོམ་ཕྱི་རུ་སོང་ནས་འོས་འགན་ནད་བརྟག་སྨན་བཅོས་བྱ་འགུལ་སྤེལ་ཐེངས་གསུམ་པ་རེད། མིན་ཏཱའི་སྡོད་དམངས་ཝ་ལིས་ཡ་ལུའུ་ཡིས་སྐམ་ཁབ་བདུན་བརྒྱད་ཙམ་བརྡབ་ཡོད་པའི་པུས་མོ་གཡས་པ་བསྟན་ནས་དགའ་སྤྲོའི་ངང་བཤད་རྒྱུར། ངའི་པུས་མོ་གཡས་པར་སྔོན་ཞིག་ནས་ན་ཟུག་ཡོད་པ་དང་། ད་ཐེངས་ངས་དང་ཐེངས་པོར་སྐམ་ཁབ་ཀྱི་སྨན་བཅོས་བྱེད་སྟངས་དང་ལེན་བྱས་པ་ཡིན་ལ། ན་ཟུག་ཅུང་ལྷོད་འདུག ངས་ད་རུང་སྨན་པ་དག་གིས་ངའི་རྒྱབ་དང་སྐེ་གཉིས་ལ་སྐམ་ཁབ་རྡེབ་པར་རེ་བ་བྱེད་བཞིན་ཡོད་ཟེར། སྐམ་ཁབ་ནི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་འོས་འགན་ནད་བརྟག་སྨན་བཅོས་བྱ་འགུལ་ཁྲོད་ཆེས་དགའ་བསུ་ཐོབ་པའི་རྣམ་གྲངས་ཤིག་ཡིན་པ་དང་། ཡུལ་དངོས་སུ་མི་མང་པོ་གྲལ་སྒྲིག་ཡོད། ད་རུང་སོ་ལོ་མོན་གླིང་ཚོམ་གྱི་མི་མང་པོ་ཞིག་ས་ཐག་རིང་བོ་ནས་ཡོང་སྟེ་ཀྲུང་གོའི་སྨན་པའི་ཆེད་ལས་ཀྱི་ནད་བརྟག་སྨན་བཅོས་ཞབས་ཞུ་ཐོབ་པར་རེ་བ་བྱེད་བཞིན་ཡོད། ས་དེའི་ནད་པ་ཞིག་གིས་ཀྲུང་གོའི་སྨན་བཅོས་རུ་ཁག་སོ་ལོ་མོན་གླིང་ཚོམ་དུ་ཡོང་བར་བཀའ་དྲིན་ཞུས་པ་ཡིན། ཁྱེད་ཚོས་ང་ཚོའི་གཞིས་ཁུལ་དང་ང་ཚོ་མི་ཚང་མར་རོགས་སྐྱོར་བྱས་སོང་ཟེར།
ས་ལོ་མོན་གླིང་ཚོམ་ནི་ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། སྨན་བཅོས་ཆ་རྐྱེན་ཅུང་རྗེས་ལུས་ཡིན། ཧེ་ལོན་ནཱ་ཀི་ཨར་ཏི་སྨན་ཁང་གིས་གདན་དྲངས་པ་ལྟར། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཐེངས་འདིར་སྙིང་ནད་ཚན་ཁག་དང་གཅིན་ལམ་ཕྱི་ནད་ཚན་ཁག མཁལ་མའི་ཚན་ཁག ཁབ་བཙའི་ཚན་ཁག་སོགས་ཀྱི་ཆེད་མཁས་པ་བདུན་གྱིས་གྲུབ་པའི་སྨན་བཅོས་རུ་ཁག་མངག་གཏོང་བྱས། ཉིན་དྲུག་རིང་གི་འོས་འགན་ནད་བརྟག་སྨན་བཅོས་བྱ་འགུལ་གྱིས་ས་དེའི་མི་དམངས་དང་ཕྱིར་སྡོད་རང་མི་སོགས་མི་ཐེངས་ལྔ་བརྒྱ་ལྷག་ལ་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། སློབ་ཁྲིད་གསོ་སྦྱོང་དང་རིག་གཞུང་བརྗེ་རེས་སོགས་བྱ་འགུལ་ཐེངས་གསུམ་སྤེལ་བར་མ་ཟད། ས་དེའི་མང་ཚོགས་ལ་རིན་མེད་ངང་སྨན་རྫས་འདོན་སྤྲོད་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།