ཧྥ་རན་སིའི་ཙུང་ཐུང་དང་དབྱི་སི་རལ་གྱི་ཙུང་ལི་གཉིས་ཀྱིས་ཅཱ་ཧྲའི་གནས་བབ་ཀྱི་སྐོར་ཁ་པར་ལས་གྲོས་མོལ་བྱས།
2023.12.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས27ཉིན་གྱི་དགོང་མོར་གསར་འགྱུར་སྤྱི་བསྒྲགས་སྤེལ་ཏེ་བཤད་རྒྱུར།  ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས27ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ཉི་ཡ་ཧུའུ་ལ་ཁ་པར་བཏང་བ་དང་།   མཱ་ཁི་ལུང་གིས་ཅཱ་ཧྲ་ས་ཁུལ་གྱི་མི་སེར་མང་པོར་ཤི་རྨས་བྱུང་བ་དང་ས་ཁུལ་དེའི་མི་དམངས་འཕྲད་པའི་མི་ཆོས་རིང་ལུགས་ཀྱི་བྲེལ་མྱུར་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།

ཁོས་དབྱི་སི་རལ་གྱིས་ངེས་པར་དུ་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་པ་བསྐྱར་བསྒྲགས་བྱས་པར་མ་ཟད།    ཅཱ་ཧྲ་མི་དམངས་ལ་དགོས་ངེས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་བྲེལ་མྱུར་རང་བཞིན་དང་འཁྲུག་རྩོད་ཡུན་རིང་ལ་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་དགོས་ངེས་རང་བཞིན་ནན་སྟོན་བྱས།     ཁོས་ཧྥ་རན་སིས་ཅོར་ཏན་དང་མཉམ་ལས་བྱས་ཏེ་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཞེས་བསྟན།

མཱ་ཁི་ལུང་གིས་ད་རུང་བཤད་རྒྱུར།   དབྱི་སི་རལ་གྱིས་ངེས་པར་དུ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་དབྱི་སི་རལ་གྱི་གཏན་སྡོད་མཁན་ཁ་ཤས་ཀྱིས་ཕ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་དྲག་ཤུགས་སྤྱོད་པའི་བྱ་སྤྱོད་བཀག་འགོག་བྱེད་དགོས་པར་མ་ཟད།    ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གཏན་སྡོད་ཁུལ་གསར་པའི་ལས་གཞི་མཚམས་འཇོག་དགོས།   རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་གྱི་ཐག་གཅོད་བྱེད་ཐབས་ཉག་གཅིག་ཡིན་པ་དང་།   གཏན་སྡོད་ཁུལ་གསར་པའི་ལས་གཞིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་གྲུབ་པར་འཇིགས་སྐུལ་ཐེབས་སྲིད་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས27ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན།   དབྱི་སི་རལ་གྱི་དམག་དཔུང་གི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་ཕ་ལེ་སི་ཐན་གྱི་མི་ཁྲི་གཉིས་དང་སྟོང་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་ལྔ་དང་སྟོང་ལྔ་ལ་རྨས་ཕོག་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།