ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གི་ཆ་འཕྲིན་མི་སྣས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཕྱི་དྲོར་ཐེངས་གང་མང་ལ་ཅ་ཧྲ་ས་ཁུལ་གྱི་ལྷོ་ཕྱོགས་གྲོང་ཁྱེར་ལཱ་ཧྥ་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སོ་བདུན་རྐྱེན་ལམ་དུ་ཤོར་ཟེར།
ཆ་འཕྲིན་མི་སྣ་དེས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལཱ་ཧྥ་གྲོང་ཁྱེར་གྱི་སྡོད་ཁང་གཉིས་ལ་བར་སྣང་འཇབ་རྒོལ་བྱས་ཤིང་། རྐྱེན་ལམ་དུ་ཤོར་བའི་ཁྲོད་བུད་མེད་དང་བྱིས་པ་ཡོད་ལ། མིག་སྔར་རོགས་སྐྱོབ་བྱ་བ་སྤེལ་བཞིན་པའི་སྒང་ཡིན་ཟེར།
ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་རིང་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི་ཉིས་བརྒྱ་དང་བཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར། ཟླ་བཅུ་པའི་ཚེས་བདུན་ཉིན་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་དུ་འགལ་ཟླ་གསར་བ་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི་ཁྲི་གཉིས་དང་སྟོང་གཅིག་སུམ་བརྒྱ་ཉི་ཤུ་རྐྱེན་ལམ་དུ་ཤོར་བར་མ་ཟད། མི་ལྔ་ཁྲི་ལྔ་སྟོང་ལྷག་ལ་རྨས་ཕོག་ཡོད་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།