ཨེ་ཅིབ་ཀྱིས་འབྲེལ་ཡོད་ཕྱོགས་ལ་ཅཱ་ཧྲ་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་པའི་སྒྲིག་གཞིའི་གྲོས་མཐུན་ཞིག་སྤྲད།
2023.12.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཨེ་ཅིབ་རྒྱལ་ཁབ་གསར་འགྱུར་ཅུའུ་ཡིས་ཚེས28ཉིན་ཨེ་ཅིབ་ཀྱིས་ཅཱ་ཧྲ་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་པའི་སྒྲོམ་གཞིའི་གྲོས་མཐུན་འཆར་ཟིན་ཞིག་བཀོད་ཡོད་པར་མ་ཟད་དེ་འབྲེལ་ཡོད་ཕྱོགས་ལ་སྤྲད་ཡོད་པ་དང་།   ཕྱོགས་སོ་སོའི་ལན་འབྱོར་རྗེས་གྲོས་མཐུན་གྱི་ནང་དོན་ཞིབ་ཕྲ་ཁྱབ་བསྒྲགས་བྱེད་ངེས་ཡིན་ཞེས་བསྟན།

ཨེ་ཅིབ་རྒྱལ་ཁབ་གསར་འགྱུར་ཅུའུ་ཡི་ཅུའུ་ཀྲང་ཏི་ཡ་ལཱ་ཧྲིན་ཝན་གྱིས་ཉིན་དེར་གསལ་བསྒྲགས་ཤིག་གི་ཁྲོད་དུ་བཤད་རྒྱུར།    ཕ་ལེ་སི་ཐན་གྱི་ཁྲག་བཞུར་འཁྲུག་རྩོད་བཀག་འགོག་བྱེད་པ་དང་ཅཱ་ཧྲ་ས་ཁུལ་གྱི་བཙན་འཛུལ་བཀག་འགོག་དང་ས་ཁུལ་དེའི་ཞི་བདེ་གཏན་འཇགས་སླར་གསོ་བྱེད་ཆེད།  ཨེ་ཅིབ་ཀྱིས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་ལ་ཉན་རྗེས་འཁྲུག་རྩོད་མཚམས་འཇོག་པའི་སྒྲོམ་གཞིའི་གྲོས་མཐུན་ཞིག་བཀོད་པ་ཡིན།  གྲོས་མཐུན་དེར་རིམ་པ་གསུམ་ཡོད་པ་དང་།  མཇུག་མཐའི་དམིགས་ཡུལ་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་རྒྱུ་དེ་ཡིན་ཟེར།

ལཱ་ཧྲིན་ཝན་གྱིས་ད་རུང་བསྟན་དོན།   ཕ་ལེ་སི་ཐན་སྲིད་གཞུང་དང་འབྲེལ་བའི་གནད་དོན་ཚང་མར་ཕ་ལེ་སི་ཐན་གྱི་ཕྱོགས་ཁག་སོ་སོས་གྲོས་བསྡུར་བྱེད་དགོས་ཟེར།

ཨེ་ཅིབ་ཀྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།   ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧ་མ་སི་དང་ཕ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏིའི་འགོ་ཁྲིད་མི་སྣ་ཉེ་ལམ་གཅིག་རྗེས་གཉིས་མཐུད་ཀྱིས་ཨེ་ཅིབ་དུ་འབྱོར་ནས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་འཁྲུག་རྩོད་མཚམས་འཇོག་པའི་དོན་དག་ལ་གྲོས་བསྡུར་བྱེད་བཞིན་ཡོད།

ད་ལོའི་ཟླ10པའི་ཚེས7ཉིན།  ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་གསར་པའི་འཁྲུག་རྩོད་བྱུང་།   ཟླ11པའི་ཚེས24ཉིན་ནས་བཟུང་།    དབྱི་སི་རལ་དང་ཧ་མ་སི་གཉིས་ཀྱིས་དུས་ཡུན་ཉིན་བདུན་གྱི་རིང་གནས་སྐབས་སུ་འཁྲུག་རྩོད་མཚམས་བཞག    གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་དུས་ཡུན་ལ་སླེབས་རྗེས།    ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་ཡང་བསྐྱར་འཁྲུག་རྩོད་བྱས་པ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།