དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉེ་སྔོན་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་གཞི་རྒྱ་ཆེ་བའི་སྒོ་ནས་རྒོལ་རྡུང་བྱས་པ་དང་། དེའི་དམིགས་ཡུལ་ནི་དྲག་ཆས་རྩ་འཛུགས་དག་དབྱི་སི་རལ་གྱི་བྱང་ངོས་མཐའ་མཚམས་ས་ཁུལ་ནས་མཐར་སྐྲོད་གཏོང་ཆེད་ཡིན་ཟེར།
ཧཱ་ཅཱ་ལི་ཡིས་བཤད་རྒྱུར། འདས་པའི་ཉིན་གཉིས་ནང་། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུ་དང་ཐན་ཁི་འཁོར་ལོ། མེ་སྒྱོག་བཅས་བཀོལ་ནས་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་ཁྱབ་རྒྱ་ཆེ་བའི་སྒོ་ནས་རྒོལ་རྡུང་བྱས། འཇབ་རྒོལ་བྱེད་སའི་དམིགས་འབེན་ལ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱེད་ས་དང་དམག་དོན་ར་བ། རྨང་གཞིའི་སྒྲིག་ཆས་སོགས་འདུས། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཀྲིན་ཀྲུའུ་ཏང་ལ་ཆམ་ཕབ་དྲག་པོ་བཏང་སྟེ། དབྱི་སི་རལ་བྱང་ངོས་ཀྱི་མཐའ་མཚམས་ས་ཁུལ་ལ་གཏོར་བརླག་གཏོང་བའི་དམག་དོན་བཀོད་སྒྲིག་བྱས་པ་རེད།
དབྱི་སི་རལ་གྱི་དམག་ཕྱོགས་དང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་བྱང་ཕྱོགས་ས་ཁུལ་དུ་ཚེས་ཉེར་བདུན་དང་ཚེས་ཉེར་བརྒྱད་ཉིན་ཐེངས་མང་བོར་ལེ་པཱ་ནུན་ཕྱོགས་ཀྱི་མེ་ཤུགས་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་པ་རེད། ཚེས27ཉིན། དབྱི་སི་རལ་བྱང་ཕྱོགས་ཀྱི་མཐའ་མཚམས་གྲོང་ཁྱེར་ཧཱ་ནེ་ཁི་ལཱ་ཅོ་དང་ཞེ་མའོ་ནཱ་ལ་མེ་ཤུགས་འཕུར་མདའ་སོ་བཞིའི་འཇབ་རྒོལ་ཐེབས། དེ་ནི་ཐེངས་འདིའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། བྱང་ཕྱོགས་ས་ཁུལ་དུ་ཐེབས་པའི་ཆེས་ཛ་དྲག་གི་འཇབ་རྒོལ་ཅིག་རེད། ཚེས28ཉིན། དབྱི་སི་རལ་བྱང་ཕྱོགས་ཀྱི་ཧེ་ཧྥ་དང་ཨ་ཁཱ་གྲོང་ཁྱེར་དུ་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། ས་ཁུལ་གཉིས་ནས་མཁའ་སྲུང་ཉེན་བརྡ་བཏང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།