ཝུའུ་ཁི་ལན་གྱི་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་ཐེབས་ཏེ་མི་སུམ་ཅུ་རྐྱེན་ལམ་དུ་ཤོར།
2023.12.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཝུའུ་ཁི་ལན་གྱི་ནང་སྲིད་པུའུ་ཀྲང་ཁི་ལེ་མེན་ཁི་ཡིས་ཚེས29ཉིན་གྱི་དགོང་མོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་རྒྱལ་ཡོངས་ཀྱི་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་ཐེབས་ཏེ་མི་སུམ་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་དྲུག་ཅུ་ལྷག་ལ་རྨས་ཕོག་ཟེར།

ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་དང་ས་ཁུལ་གཞན་པ་མང་བོར་ཚེས་29ཉིན་ཨུ་རུ་སིའི་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་པ་དང་། ཅི་ཧྥུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁི་ལེ་ཆི་ཁི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ས་དེའི་དགོང་མོའི་དུས་ཚོད་དྲུག་བར། བར་སྣང་འཇབ་རྒོལ་ལས་ཅི་ཧྥུའུ་གྲོང་ཁྱེར་ནས་མི་དགུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཉིན་དེར་ཝུའུ་ཁི་ལན་གྱི་མཁའ་དམག་དང་ཝུའུ་ཁི་ལན་གྱི་རྒྱལ་ཁོངས་འགོག་སྲུང་དམག་དཔུང་གིས་མཉམ་ལས་བྱས་ཏེ་ཨུ་རུ་སིའི་དཔུང་འཇུག་རྣམ་པ་ཅན་གྱི་མི་བསྡད་མེད་པའི་གནམ་གྲུ་ཉེར་བདུན་དང་རྗེས་འདེད་འཕུར་མདའ་གྱ་བརྒྱད་བཀག་ཡོད་ཟེར།

ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས29ཉིན་གྱི་དགོང་མོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཝུའུ་ཁི་ལན་གྱི་གནད་འགག་གི་རྨང་གཞིའི་སྒྲིག་ཆས་དང་བཟོ་ལས། དམག་དོན། དམག་བཀོལ་སྒྲིག་ཆས་སོགས་ལ་ཉིན་དེར་ཨུ་རུ་སིའི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་པ་དང་། ཝུའུ་ཁི་ལན་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་འཐབ་འཁྲུག་གནས་བབ་ལ་སྔར་བཞིན་དཀའ་ཚེགས་ལྡན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།