ཐུར་ཁེའི་སྨྱན་བྱད་ཀྱིས་ཚེས28ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་རྒྱལ་ཁབ་དེའི་ཞིང་ཆེན་གསུམ་ནས་བསྡོམས་པས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་སོ་གཅིག་འཛིན་བཟུང་བྱས་ཡོད་ཟེར།
ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་དབྱེ་སི་ཐན་པོར་ཞིང་ཆེན་དང་ཨན་ཁཱ་ལཱ་ཞིང་ཆེན། དབྱེ་ཙི་མུས་ཨར་ཞིང་ཆེན་བཅས་ཀྱིས་སྤེལ་བའི་འཛིན་བཟུང་བཀའ་རྒྱ་གཞིར་བཟུང་ནས་ཆེད་དོན་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ། ཉེ་བའི་ལོ་འགའི་རིང་ལ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇིགས་སྐུལ་བྱ་འགུལ་ལ་འབྲེལ་བ་ཡོད་པའི་མི་སྣ་འཛིན་བཟུང་བྱས། མིག་སྔར་ད་རུང་མི་བཅུ་གསུམ་བྲོས་བྱོལ་བྱེད་བཞིན་ཡོད།
ཉིས་སྟོང་བཅུ་གསུམ་ལོར། ཐུར་ཁེ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དེ་འཇིགས་སྐུལ་རྩ་འཛུགས་སུ་ཁྱབ་བསྒྲགས་བྱས་པ་དང་། དེའི་སྔོན་རྩ་འཛུགས་དེས་ཐུར་ཁེ་ནས་བཟོས་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་མང་བོ་ལས་མི་བཅུ་ཕྲག་འགར་ཤི་རྨས་ཐེབས་ཡོད་ཟེར། ཐུར་ཁེའི་བདེ་འཇགས་དམག་དཔུང་གིས་ཉེ་བའི་ལོ་འགའི་རིང་ལ་ས་ཁུལ་མང་བོ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་མི་སྣ་འཛིན་བཟུང་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།