ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་དང་ས་ཁུལ་གཞན་པ་མང་བོར་ཚེས29ཉིན་ཨུ་རུ་སིའི་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཀྲ་ལུའུ་རི་ནེ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཉིན་དེར་ཨུ་རུ་སིའི་དམག་དཔུང་གིས་བར་སྣང་འཇབ་རྒོལ་ཁྲོད་བེད་སྤྱོད་བྱས་པའི་དཔུང་འཇུག་ཅན་གྱི་མི་བསྡད་མེད་པའི་གནམ་གྲུ་དང་འཕུར་མདའི་ཁ་གྲངས་བརྒྱ་དང་ང་བརྒྱད་ལ་སླེབས་པ་དང་། དེའི་ནང་རྟགས་མི་འདྲ་བའི་འཕུར་མདའི་ཁ་གྲངས་བརྒྱ་དང་ཉི་ཤུ་ལས་བརྒལ་ཡོད་ཟེར།
ཀྲ་ལུའུ་རི་ནེ་ཡིས་བཤད་རྒྱུར། ཉིན་དེའི་ཞོགས་པ་དང་སྔ་དྲོའི་བར་སྣང་འཇབ་རྒོལ་ཁྲོད། ཨུ་རུ་སིའི་དམག་དཔུང་གི་ཐུའུ-95རྟགས་ཅན་གྱི་འགས་གཏོར་གནམ་གྲུ་བཅོ་བརྒྱད་དང་ཐུའུ-22རྟགས་ཅན་གྱི་འགས་གཏོར་གནམ་གྲུ་གཉིས་ཀྱིས་འཕུར་མདའ་བརྒྱ་ལྷག་འཕངས་པ་དང་། མུས་ཀི-31རྟགས་ཅན་གྱི་འཐབ་འཛིང་གནམ་གྲུས་གློ་གྲི་ཞེས་པའི་འཕུར་མདའ་ལྔ་གཏོང་འཕེན་བྱས་ལ། སུའུ-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུས་ལོས་ཏཱ་ལ་རྒོལ་བའི་འཕུར་མདའ་བཞི་དང་རྗེས་འདེད་འཕུར་མདའ་གཅིག་འཕངས། དེ་ལས་གཞན་ཨུ་རུ་སིའི་དམག་དཔུང་གིས་ད་རུང་ཁི་ལི་མུས་ཡཱ་དང་པེ་ཨར་ཀི་ལོ་ཏི་སོགས་ས་ཁུལ་ནས་ཉུང་མཐར་ཡང་འཕུར་མདའ་བཅུ་བཞི་འཕངས། ཝུའུ་ཁི་ལན་གྱི་མཁའ་སྲུང་མ་ལག་གིས་དཔུང་འཇུག་རང་བཞིན་གྱི་མི་བསྡད་མེད་པའི་གནམ་གྲུ་ཉེར་བདུན་དང་རྗེས་འདེད་འཕུར་མདའ་གྱ་བདུན་བཀག་ཡོད་ཟེར།
ཝུའུ་ཁི་ལན་རྒྱལ་ཁབ་ཉེན་རྟོག་ཅུའུ་ཡིས་ཚེས29ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཉིན་དེའི་བར་སྣང་འཇབ་རྒོལ་ལས་ཝུའུ་ཁི་ལན་རྒྱལ་ཡོངས་སུ་ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་སོ་གཉིས་ལ་རྨས་ཕོག དེའི་ནང་ཏིས་ཉི་པའོ་གྲོང་ཁྱེར་དུ་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་བརྒྱད་ལ་རྨས་ཕོག་ཅིང་། ཅི་ཧྥུའུ་གྲོང་ཁྱེར་ནས་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཉིས་ལ་རྨས་ཕོག་ཡོད་ཟེར།
ཝུའུ་ཁི་ལན་གྱི་ནུས་ཁུངས་པུའུ་ཡིས་ཀྱང་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཉིན་དེའི་བར་སྣང་འཇབ་རྒོལ་ལས་ཅི་ཧྥུའུ་དང་ཏིས་ཉི་པའོ་ལོ་པིས་ཏི་ལོ་ཧྥུའུ་སི་ཁི་མངའ་སྡེ། ཨོ་ཏི་སཱ་མངའ་སྡེ། ཧཱ་ཨར་ཁི་ཧྥུའུ་མངའ་སྡེ་བཅས་ཀྱི་གློག་དྲར་གཏོར་བརླག་ཐེབས་ནས། གློག་ཆད་པའི་གནས་ཚུལ་བྱུང་ཡོད་ཟེར།
ཨུ་རུ་སིའི་ཕྱོགས་ཀྱིས་མིག་སྔར་ད་རུང་ཅི་ཧྥུའུ་རུ་འཕུར་མདའི་འཇབ་རྒོལ་ཐེབས་པའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།