མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ12པའི་ཚེས28ཉིན་ལོ་སར་གྱི་བརྙན་རིས་ཞུ་ཚིག་ཕུལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཉིས་སྟོང་ཉེར་གསུམ་ལོ་ནི་དཀའ་སྡུག་དང་དྲག་ཤུགས་ཆེན་པོས་ཁེངས་ཤིང་། ནམ་ཟླ་ལ་རྙོག་འཛིང་ཆེ་བའི་ལོ་ཞིག་ཡིན་ཞིང་། མིའི་རིགས་སྡུག་གིས་མནར་བཞིན་ཡོད་ལ། ང་ཚོའི་གོ་ལ་འདི་ཡང་ཉམས་ཉེན་གྱི་ཁྲོད་དུ་ལྷུང་ཡོད། ཉིས་སྟོང་ཉེར་གསུམ་ལོ་ནི་ཟིན་ཐོ་ཡོད་པའི་ཚུན་གྱི་ཚ་བ་ཆེས་ཆེ་བའི་ལོ་ཞིག་རེད་ཟེར། ཁོས་ནན་གྱིས་བསྟན་དོན། ཚབས་ཆེ་བའི་འཛམ་གླིང་ཡོངས་ཀྱི་གནད་དོན་ལས་འཛམ་གླིང་ཡོངས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཇེ་སྡུག་ཏུ་བཏང་ཡོད་ལ། དབུལ་ཕོངས་དང་ལྟོགས་སྡུག་གིས་སྔར་བཞིན་རྒྱུན་ཆད་མེད་པར་མི་འབོར་ཆེན་ལ་མནར་གཅོད་བྱེད་བཞིན་ཡོད་པ་དང་། འཁྲུག་རྩོད་དང་འཐབ་འཁྲུག་ཀྱང་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་མི་ཁུར་བ་དང་དྲག་ཤུགས་ཀྱི་ཧོལ་རྒྱུགས་བྱ་སྤྱོད་ལ་ཚོད་འཛིན་བྱེད་དགོས་པའི་སྐུལ་མ་བཏང་ནས། ཕན་ཚུན་སྐྱོན་འཛུགས་དང་དྲག་ཤུགས་གང་འདོད་དུ་སྤྱད་ན་ཐར་ལམ་ཅི་ཡང་མེད། ང་ཚོས་མཐུན་སྒྲིལ་བྱེད་སྐབས་མིའི་རིགས་ཆེས་སྟོབས་དང་ལྡན་པ་ཡིན་ཟེར།
ཀུའུ་ཐི་ལོས་སི་ཡིས་ད་རུང་མཐོང་ཆུང་དང་འཁོན་འཛིན་བྱ་སྤྱོད་ལ་ཆམ་ཕབ་གཏོང་བའི་དགོས་ངེས་རང་བཞིན་དང་། མིས་བཟོས་རིག་ནུས་སོགས་ལག་རྩལ་གསར་དར་གྱིས་མིའི་རིགས་ཀྱི་ཁེ་ཕན་ལ་ཞབས་འདེགས་ཞུ་བར་འགན་སྲུང་བྱེད་པའི་དགོས་གལ་རང་བཞིན་ནན་བཤད་བྱས།
མ་འོངས་པར་ཁ་ཕྱོགས་ནས་ཀུའུ་ཐི་ལོས་སི་ཡིས་ཉིས་སྟོང་ཉེར་བཞི་ལོ་དེ་ཡིད་ཆེས་དང་རེ་བ་སླར་གསོ་བྱེད་པའི་ལོ་ཞིག་ཏུ་འགྱུར་བར་འབད་འབུངས་བྱེད་དགོས་པའི་རེ་བ་བཏོན། ཁོས་བཤད་རྒྱུར། ང་ཚོས་ངེས་པར་དུ་འགལ་བ་མེད་པར་བཏང་ནས་མཉམ་དུ་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས། དེར་ནམ་ཟླའི་འགྱུར་ལྡོག་ཐད་བྱེད་ཐབས་ནུས་ལྡན་སྤྱོད་པ་དང་། དཔལ་འབྱོར་གྱི་གོ་སྐབས་བསྐྲུན་པ། སྔར་ལས་འདྲ་མཉམ་དང་མི་ཚང་མར་ཕན་པའི་འཛམ་གླིང་ཡོངས་ཀྱི་དངུལ་ལོར་མ་ལག་ཅིག་འཛུགས་པ་སོགས་འདུ་ཟེར།
ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་འཛམ་གླིང་མཐུན་སྒྲིལ་ཐད་འབད་འབུངས་བྱེད་པ་དང་། ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས། འགྲོ་མིའི་ཐོབ་ཐང་བཅས་ལ་སྐུལ་འདེད་གཏོང་དགོས། ཁོས་རྒྱལ་ཁབ་སོ་སོའི་མི་དམངས་དག་ལོ་གསར་བའི་ནང་བདེ་སྐྱིད་སྤྲོ་སྣང་ལྡན་པ་དང་། ཞི་བདེ་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།