དབྱི་སི་རལ་གྱིས་སི་རི་ཡའི་བྱང་རྒྱུད་ཀྱི་དམག་དོན་དམིགས་འབེན་དུ་མར་བར་སྣང་ནས་འཇབ་རྒོལ་བྱས།
2023.12.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

སི་རི་ཡའི་སྨྱན་བྱད་ཀྱིས་ཚེས30ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེར་དབྱི་སི་རལ་གྱིས་སི་རི་ཡའི་བྱང་རྒྱུད་ཀྱི་ཨ་ལི་ཕོ་ཞིང་ཆེན་གྱི་དམག་དོན་དམིགས་འབེན་དུ་མར་འགས་གཏོར་བཏང་ནས། སྒྲིག་ཆས་ཁག་ཅིག་ལ་གཏོར་བརླག་བཟོས་ཡོད།

སི་རི་ཡའི་གསར་འགྱུར་ཁང་གིས་སི་རི་ཡའི་དམག་ཕྱོགས་ཀྱི་གསལ་བསྒྲགས་དྲངས་ནས་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ཉི་ཤུའི་སྟེང་དུ། དབྱི་སི་རལ་གྱིས་སི་རི་ཡའི་ནུབ་བྱང་རྒྱུད་ཀྱི་ལཱ་ཐ་ཅི་ཡ་ཞིང་ཆེན་གྱི་ནུས་ངོས་ནས་ས་དབུས་རྒྱ་མཚོའི་ཕྱོགས་སུ་ཡོད་པའི། ཨ་ལི་ཕོ་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་དམག་དོན་དམིགས་འབེན་མང་པོར་འཇབ་རྒོལ་བྱས་པའི་དབང་གིས། སྒྲིག་ཆས་ཁག་ཅིག་ལ་གཏོར་བརླག་བཟོས་ཡོད་ཟེར།

གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི། “སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས”ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེར་ཨ་ལི་ཕོ་གྲོང་ཁྱེར་གྱི་ཤར་ལྷོའི་ནེ་ལ་པུའུ་དམག་སྤྱོད་གནམ་གྲུ་ཐང་གི་ཉེ་འགྲམ་དུ་འཕུར་མདེལ་འཕངས་ནས། གནས་དེ་གར་འབར་གས་ཀྱི་སྒྲ་ཆེན་པོ་ཐེངས་དྲུག་ལ་གྲགས་པ་དང་།  འཇབ་རྒོལ་དེས་མི་བདུན་ལ་ཤི་རྨས་བཟོས། གཞན་ཡང་འཕུར་མདའ་ཞིག་ཉེ་འགྲམ་གྱི་ཨ་ལི་ཕོ་རྒྱལ་སྤྱིའི་གནམ་ཐང་དུ་ལྷུང་ནའང་། སྒྲིག་ཆས་ལ་གཏོར་བརླག་བཟོས་མེད།

སི་རི་ཡའི་ནང་འཁྲུག་ལངས་པ་ནས་བཟུང་། དབྱི་སི་རལ་དམག་དཔུང་གིས་དབྱི་ལང་གི་དམག་དོན་སྒྲིག་ཆས་ལ་རྒོལ་རྡུང་གཏོང་རྒྱུ་ཁ་གཡོར་ས་བྱས་ཏེ། སི་རི་ཡའི་མངའ་ཁོངས་ཀྱི་དམག་དོན་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་ཐེངས་མང་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།