དབྱི་སི་རལ་གྱི་ཙུང་ལི་ཡིས་ཅ་ཧྲ་ས་ཁུལ་གྱི་དམག་དོན་སྦྱོར་བ་ཟླ་ཁ་ཤས་རིང་བསྟུད་མུར་སྤེལ་རྒྱུ་ཡིན་ཞེས་བཤད།
2023.12.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས30ཉིན་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་ནས་རྒྱལ་ཁ་ཐོབ་པར་ད་དུང་དུས་ཡུན་རིང་བོ་འགོར་བ་དང་། དམག་དོན་སྦྱོར་བ་ད་དུང་ཟླ་ཁ་ཤས་རིང་བསྟུད་མུར་སྤེལ་རྒྱུ་ཡིན་ཟེར།

ཉིན་དེར་ནེ་ཐ་ཉི་ཡ་ཧུའུ་ཡིས་ཐི་ལཱ་ཝེ་ཧྥུའུ་རུ་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཅ་ཧྲ་ས་ཁུལ་དུ་དམག་འཐབ་ཀྱི་སྦྱོར་བ་དྲག་པོ་སྤེལ་བཞིན་ཡོད། དབྱི་སི་རལ་གྱིས་འཐབ་ཁུལ་མང་པོ་རུ་དམག་དོན་སྦྱོར་བ་སྤེལ་ཏེ་གྲུས་འབྲས་བླངས་ཡོད་ནའང་། དེ་བསྟུན་གྱི་རིན་དོད་ཆེན་པོ་ཕུལ་ཡོད། དབྱི་སི་རལ་སྲིད་གཞུང་གི་སྲིད་ཇུས་ཧ་ཅང་མངོན་གསལ་ཡིན་ལ། དེ་ནི་མུ་མཐུད་དུ་དམག་འཐབ་སྦྱོར་བ་སྤེལ་ཏེ། ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མཱ་ཟི་མེད་པར་མ་བཟོས་བར་དུ་དམག་དོན་སྦྱོར་བ་མཚམས་མི་འཇོག་པ་དང་། བཀག་ཉར་བྱས་ཡོད་པའི་དབྱི་སི་རལ་གྱི་མི་ཚང་མ་གློད་གྲོལ་ཐོབ་ཏུ་འཇུག་རྒྱུ་དེ་ཡིན་ཟེར།

ནེ་ཐ་ཉི་ཡ་ཧུའུ་ཡིས་དབྱི་སི་རལ་དང་ལིས་པཱ་ནུན་བར་གྱི་འཁྲུག་རྩོད་ལ་དམིགས་ཏེ་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ལིས་པཱ་ནུན་ཀྲིན་ཀྲུའུ་ཏང་ལ་རྡུང་རྡེག་ཚ་ནན་གཏོང་བཞིན་ཡོད་ཅིང་། ད་དུང་མུ་མཐུད་དུ་དམག་དོན་སྦྱོར་བ་སྤེལ་རྒྱུའི་ཆོག་མཆན་ཡང་བཀོད་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།