ཨུ་རུ་སིའི་ཛ་དྲག་གནས་ཚུལ་པུའུ་ཡིས་ཚེས30ཉིན་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་དམག་དཔུང་གིས་ཉིན་དེར་ཨུ་རུ་སིའི་ལྷོ་ནུབ་རྒྱུད་ཀྱི་མཐའ་མཚམས་གྲོང་ཁྱེར་པེའར་ཀི་ལའོ་ཏི་ལ་འཇབ་རྒོལ་བྱས་ནས། མི་བཅུ་བཞི་རྐྱེན་ལམ་དུ་བཏང་བ་དང་མི་བརྒྱ་དང་བརྒྱད་ལ་རྨས་སྐྱོན་བཟོས་ཡོད་ཟེར།
སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་པེའར་ཀི་ལའོ་ཏི་གྲོང་ཁྱེར་ལ་གཞི་ཁྱོན་ཆེ་བའི་སྒོ་ནས་མེ་སྒྱོགས་འཕངས་ནས། བྱིས་པ་གཉིས་དང་བཅས་པའི་མི་བཅུ་བཞི་རྐྱེན་ལམ་དུ་བཏང་བ་དང་། གཞན་ཡང་མི་བརྒྱ་དང་བརྒྱད་ལ་རྨས་སྐྱོན་བཟོས་ཡོད་ཅིང་། རྨས་མའི་ཁྲོད་བྱིས་པ་བཅོ་ལྔ་ཡོད། ཝུའུ་ཁི་ལན་གྱི་དམག་དཔུང་གིས་མེ་སྒྱོགས་འཕངས་པར་རྐྱེན་བྱས་ཏེ། པེའར་ཀི་ལའོ་ཏི་གྲོང་ཁྱེར་དུ་ད་དུང་མེ་སྐྱོན་ཆེན་པོ་ཐེངས་བཅུ་ལ་བྱུང་བ་དང་། མིག་སྔར་མེ་བསད་ཟིན་ལ། ཛ་དྲག་གནས་ཚུལ་པུའུ་ཡིས་གྲོང་མིར་དགོས་ངེས་ཀྱི་རོགས་སྐྱོར་བྱེད་བཞིན་ཡོད།
གཞན་ཡང་ཝུའུ་ཁི་ལན་གྱི་སྨྱན་བྱད་ཀྱིས་ཝུའུ་ཁི་ལན་གྱི་དམིགས་བསལ་ལས་སྒྲུབ་སྡེ་ཁག་གི་ཆ་འཕྲིན་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཝུའུ་ཁི་ལན་རྒྱལ་ཁོངས་འགོག་སྲུང་དམག་དཔུང་གིས་ཉིན་དེར་པེའར་ཀི་ལའོ་ཏི་མངའ་སྡེ་ཡི་ཨུ་རུ་སིའི་དམག་དོན་སྒྲིག་ཆས་ལ་ཕར་རྒོལ་བྱས་ཡོད་ནའང་། ཨུ་རུ་སི་ཕྱོགས་ཀྱི“ཆེད་ལས་མིན་པའི་མཁའ་ཟོན་ལས་སྒྲུབ”དང“འཆར་གཞི་སྔོན་སོང་གི་འགྲན་སློང་བྱ་སྤྱོད”ལས་འབར་རྫས་ཀྱི་ཆ་ཤས་རེ་འགའ་པེའར་ཀི་ལའོ་ཏི་གྲོང་ཁྱེར་ལྟེ་གནས་སུ་ལྷུང་བ་རེད། སྤེལ་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་རྒྱལ་ཁོངས་འགོག་སྲུང་དམག་དཔུང་གིས་ཨུ་རུ་སིའི་དམག་དོན་སྒྲིག་ཆས་ལ་ཆེད་དུ་དམིགས་ནས་དེ་འབྲེལ་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པའི་དམིགས་ཡུལ་ནི། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་གྲོང་ཁྱེར་ལ་འཇབ་རྒོལ་བྱས་ནས། མི་སེར་ལ་ཤི་རྨས་བཟོས་པར་འཁོན་ལན་སློག་རྒྱུའི་ཆེད་རེད།
པེའར་ཀི་ལའོ་ཏི་གྲོང་ཁྱེར་ནི་པེའར་ཀི་ལའོ་ཏི་མངའ་སྡེ་ཡི་ལྟེ་བའི་གྲོང་ཁྱེར་ཡིན་པ་དང་། གྲོང་ཁྱེར་དེ་ནི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་དང་ཐག་ཉེ་སར་གནས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།