དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་བ་དང་སྨྱན་སྦྱོར་གྱིས་ཟླ12པའི་ཚེས31ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་མིས་ཉེ་སྔོན་བྱང་ཕྱོགས་ས་ཁུལ་ནས་ལེ་པ་ནུན་གྱི་ཀྲིན་ཀྲུའུ་ཏང་དང་སི་རི་ཡའི་དམིགས་འབེན་ལ་མུ་མཐུད་དུ་བར་སྣང་འཇབ་རྒོལ་བྱས་པ་ཡིན་ཟེར།
དབྱི་སི་རལ་གྱི་དམག་མིས་གསལ་བསྒྲགས་སྤེལ་ནས། ལེ་པ་ནུན་ཀྲིན་ཀྲུའུ་ཏང་གིས་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར་དབྱི་སི་རལ་ཕྱོགས་ལ་ཐེངས་མང་པོར་འཕུར་མདའ་འཕངས་པས། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ལེ་པ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་ལཱ་མེ་ཡེ་རུ་ཀྲིན་ཀྲུའུ་ཏང་གི་རྨང་གཞིའི་སྒྲིག་ཆས་དང་དམག་དོན་བཟོ་བཀོད་མང་པོར་བར་སྣང་འཇབ་རྒོལ་བྱས་པ་ཡིན། ཐན་ཁི་འཁོར་ལོར་རྒོལ་བའི་འཕུར་མདའ་མང་པོ་ཚེས30ཉིན་ལེ་པ་ནུན་ནས་དབྱི་སི་རལ་བྱང་ཕྱོགས་ཀྱི་ཀ་ལི་ལིས་མཚེའུའི་རྒྱུད་དུ་འཕངས་པས། དབྱི་སི་རལ་གྱི་དམག་མིས་ལེ་པ་ནུན་གྱི་ཨ་མུའུ་ལཱ་དང་ཞི་ཡ་མུའུ་ས་ཁུལ་གྱི་ཀྲིན་ཀྲུའུ་ཏང་ལ་རྒོལ་ལན་སྤྲད་པ་ཡིན། དེ་ལས་གཞན། དབྱི་སི་རལ་གྱི་དམག་མིས་སི་རི་ཡའི་མངའ་ཁོངས་བརྒལ་ནས་དབྱི་སི་རལ་གྱི་མཁའ་དབྱིངས་སུ་ཐོན་པའི་དམིགས་འབེན་རྙེད་པ་དང་། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་དེ་བདེ་བླག་ངང་བཀག་པ་ཡིན་ཟེར།
དབྱི་སི་རལ་གྱི་དམག་མིས་ཅ་ཧྲ་ས་ཁུལ་དུ་མུ་མཐུད་དུ་འཇབ་རྒོལ་བྱས། ལྷོ་ཕྱོགས་ས་ཁུལ་ཧན་ཡིའུ་ནེ་སི་རུ། དབྱི་སི་རལ་གྱི་དམག་མིས་མཁའ་དམག་གི་རྒྱབ་སྐྱོར་འོག་ཏུ། ཧ་མ་སིའི་རྨང་གཞིའི་སྒྲིག་ཆས་མང་པོ་གཏོར་ཞིང་དྲག་ཆས་མི་སྣ་སྐོར་ཞིག་བསད།
ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཟླ12པའི་ཚེས31ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཅ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་ནས་མི་བརྒྱ་དང་ལྔ་བཅུ་རྐྱེན་ལམ་དུ་བཏང་། ཟླ་10པའི་ཚེས7ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་དམག་འཁྲུག་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་མིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་ནས་ཁྱོན་བསྡོམས་མི་ཁྲི་གཉིས་དང་སྟོང་གཅིག་ལྷག་རྐྱེན་ལམ་དུ་བཏང་ལ། མི་ཁྲི་ལྔ་དང་སྟོང་དྲུག་ལྷག་རྨས་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།