དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་གྲོང་ཁྱེར་ལ་འཇབ་རྒོལ་བྱས་ནས་མི་རེ་བརྒྱད་རྐྱེན་ལམ་དུ་བཏང་།
2024.01.01 ཁུངས། ཀློག་གྲངས། 36

ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་ཚེས31ཉིན་བསྒྲགས་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅ་ཧྲ་གྲོང་ཁྱེར་གྱི་ས་ཁུལ་མང་པོར་འཇབ་རྒོལ་བྱས་ནས། ཉུང་མཐར་ཡང་མི་རེ་བརྒྱད་རྐྱེན་ལམ་དུ་བཏང་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཉིན་དེར་ཅ་ཧྲ་གྲོང་ཁྱེར་གྱི་དཀྱིལ་དུ་འཕུར་མདའ་མང་པོ་འཕངས་ནས། ཉུང་མཐར་ཡང་མི་ཞེ་བརྒྱད་རྐྱེན་ལམ་དུ་བཏང་ལ། དེས་མི་ཚད་དབྱི་སི་རལ་གྱི་དམག་གིས་ཅ་ཧྲ་གྲོང་ཁྱེར་གྱི་ཨ་ཁི་སཱ་སློབ་ཆེན་གྱི་མཐའ་འཁོར་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་བཏང་ཟེར།

ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཟླ12པའི་ཚེས31ཉིན་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་དམག་མིས་འདས་པའི་དུས་ཚོད་ཉེར་བཞིའི་རིང་ལ་ཅ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་ནས། ཁྱོན་བསྡོམས་མི་བརྒྱ་དང་ལྔ་བཅུ་རྐྱེན་ལམ་དུ་བཏང་ཡོད། ཟླ་བཅུ་པའི་ཚེས་བདུན་ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་བར་དམག་འཁྲུག་བྱུང་བ་ནས་བཟུང་། དབྱི་སི་རལ་གྱི་དམག་མིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་ནས་མི་ཁྲི་གཉིས་དང་སྟོང་གཅིག་བརྒྱད་བརྒྱ་རྐྱེན་ལམ་དུ་བཏང་ལ། མི་ཁྲི་ལྔ་དང་སྟོང་དྲུག་ལྷག་རྨས་ཡོད་ཟེར།

ཕ་ལེ་སི་ཐན་ཀྲུང་དབྱང་བསྡོམས་རྩིས་ཅུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཉིས་སྟོང་ཉེར་གསུམ་ལོར་ཕ་ལེ་སི་ཐན་གྱི་མི་ཉིས་ཁྲི་ཉིས་སྟོང་བཞི་བརྒྱ་དང་བཞི་དམག་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ལ། དེ་ནི་གཅིག་དགུ་ཞེ་བརྒྱད་ལོའི་ཚུན་ལ་ཕ་ལེ་སི་ཐན་གྱི་མི་དམག་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་ཚད་ཆེས་མང་བའི་ལོ་རེད། འདས་པོ་བརྒྱ་ཆའི་གོ་བརྒྱད་ཅ་ཧྲ་ས་ཁུལ་གྱི་རེད་ཟེར། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།