ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་བཅུ་ཨ་རིའི་དམག་གིས་བསད།
2024.01.01 ཁུངས། ཀློག་གྲངས། 40

ཡེ་མིན་རྒྱལ་ཁབ་ཀྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཧེ་ཡ་ས་ལེ་ཡཱ་ཡིས་ཟླ12པའི་ཚེས31ཉིན་བཤད་རྒྱུར། རྩ་འཛུགས་དེའི་དྲག་ཆས་མི་སྣ་བཅུ་མཚོ་དམར་སྟེང་གི་ཚོང་འགྲུལ་གྲུ་གཟིངས་ཤིག་ལ་དམིགས་པའི་འགུལ་སྐྱོད་ཁྲོད་དུ་ཨ་རིའི་དམག་གིས་བསད་ཟེར།

ས་ལེ་ཡཱ་ཡིས་བཤད་རྒྱུར། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་མཚོ་དམག་རུ་དཔུང་གི་ཁོངས་མི་བཅུ་ཐམ་པ་འགུལ་སྐྱོད་ཁྲོད་དུ་ཨ་རིའི་དམག་གིས་བསད། ཧུའུ་སའེ་དྲག་ཆས་མི་སྣས་མ་འོངས་པར་མུ་མཐུད་དུ་མཚོ་དམར་བརྒྱུད་པའི་དབྱི་སི་རལ་གྱི་འབྲེལ་ཡོད་ཟོང་འདྲུད་གྲུ་གཟིངས་དག་ལ་རྒོལ་རྡུང་བྱ་རྒྱུ་ཡིན་ཟེར།

ཟླ12པའི་ཚེས31ཉིན་གྱི་སྔ་མོར། ཨ་རིའི་ཀྲུང་དབྱང་དམག་སྤྱི་ཁང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། མཚོ་དམར་སྟེང་དུ་སིང་ག་ཕོར་གྱི་རྒྱལ་དར་དཔྱངས་པའི་ཟོང་འགྲུལ་གྲུ་གཟིངས་ཤིག་གིས་ཨ་རིའི་དམག་ལ་མྱུར་སྐྱོབ་བྱ་རྒྱུའི་བརྡ་བཏང་ནས། ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་མགྱོགས་གྲུ་བཞི་ཟོང་འདྲུད་གྲུ་གཟིངས་དེའི་ཕྱོགས་སུ་བཅར་ནས་གྲུ་སྟེང་དུ་འབུད་རྩིས་བྱས་སོང་ཞེས་བཤད། ཨ་རིའི་ཨེ་སིན་ཧའོ་ཝེ་ཨར་རྟགས་ཅན་གྱི་མ་གྲུ་དང་ཀོ་ལེ་ཧྥུའུ་ལེ་རྟགས་ཅན་གྱི་བདའ་འདེད་གྲུ་གཟིངས་ཀྱིས་གྱེན་འཕུར་གནམ་གྲུ་འགའ་རོགས་རམ་བྱེད་དུ་མངགས། ཨ་མེ་རི་ཁའི་གྱེན་འཕུར་གནམ་གྲུས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་མགྱོགས་གྲུ་ལ་ཉེན་བརྡ་བཏང་མོད། མགྱོགས་གྲུའི་སྟེང་གི་དྲག་ཆས་མི་སྣས་གནམ་གྲུ་ལ་མེ་མདས་བརྒྱབ་པས། ཨ་རིའི་དམག་གིས་མགྱོགས་གྲུར་རྒོལ་ལན་སྤྲད་དེ། མགྱོགས་གྲུ་གསུམ་མཚོ་རུ་བསྣུབས་ལ། མགྱོགས་གྲུ་གཞན་པ་ཞིག་བྲོས་སོང་ཟེར།

སྐལ་བཟང་རྣམ་རྒྱལ་རྒྱལ་གྱིས་བསྒྱུར།