ཕུའུ་ཅིན་གྱིས2024ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ཁྱབ་ཁོངས་གཙོ་བོ་ཁྱབ་བསྒྲགས་བྱས།
2024.01.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིས2024ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ། ཁོངས་གཏོགས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར་དང་དངུལ་རྩ། རིག་གནས་དང་མི་ཆོས་བརྗེ་རེས་སོགས་ཁྱབ་ཁོངས་གཙོ་བོ་གསུམ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་འབད་པ་བྱེད་རྒྱུ་ཡིན་ཟེར།

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གིས་བཤད་རྒྱུར། ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པར་དོ་སྣང་གང་ལེགས་བྱས་ཏེ། མཉམ་དུ་རྒྱལ་སྤྱི་དང་ས་གནས་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་འཕྲད་པའི་འགྲན་སློང་དང་འཇིགས་སྐུལ་ལ་ཁ་གཏད་འཇལ་བ་དང་། ནུས་ཁུངས་དང་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ། གསེར་གྱོམ་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་དངུལ་ལོར་དངུལ་རྩའི་མ་ལག་ལ་ཐོན་པའི་ནུས་པ་མཐོ་རུ་གཏོང་བ། དངུལ་ཁང་བར་གྱི་མཉམ་ལས་དང་དངུལ་རྩའི་མཉམ་ལས་འཕེལ་རྒྱས་སུ་གཏོང་བ། རྒྱལ་ཁབ་སོ་སོའི་དངུལ་ལོར་ཕན་ཚུན་ཉོ་ཚོང་ཁྲོད་དུ་བེད་སྤྱོད་གཏོང་ཁྱབ་ཆེ་རུ་གཏོང་རྒྱུ་མ་ཟད།  དེ་ལས་གཞན། སྔར་ལས་ལྷག་པའི་སྒོ་ནས་ཚན་རྩལ་དང་། སྨན་བཅོས་བདེ་སྲུང་། སྐྱེ་ཁམས། རིག་གནས། ལུས་རྩལ། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་དམངས་ཁྲོད་ཚོགས་པའི་འབྲེལ་འདྲིས་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་ད་རུང་བཤད་རྒྱུར། བྱེད་ཐབས་གང་རུང་བསྡུ་ལེན་བྱས་ཏེ། ཁོངས་གཏོགས་གསར་བ་འཆམ་མཐུན་སྒོས་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་ཁྲོད་ཞུགས་པར་སྐུལ་འདེད་གཏོང་དགོས་ཟེར།

ཨུ་རུ་སི་ཡིས་སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་2024ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བ་རེད།

                                                                                                  རིག་འཛིན་སྒྲོལ་མས་བསྒྱུར།