ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་དང་པོའི་ཚེས་གཅིག་ཉིན་ཨུ་རུ་སུས་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མགྱོགས་མྱུར་སྒོས་མཇུག་སྒྲིལ་བར་རེ་བ་བཅངས་ཡོད་མོད། འོན་ཀྱང་ཨུ་རུ་སུ་ཕྱོགས་ཀྱིས་རང་ཉིད་ཀྱི་ལངས་ཕྱོགས་འདོར་མི་སྲིད་ཅེས་བསྟན།
ཕུའུ་ཅིན་གྱིས་ཉིན་དེར་མའོ་སི་ཁུའི་སྨན་ཁང་ཞིག་ཏུ་ཨུ་རུ་སུའི་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་རྨས་མར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཝུའུ་ཁི་ལན་མ་གཞི་ནས་ཨུ་རུ་སུའི་དགྲ་བོ་མིན་པ་དང་། ནུབ་ཕྱོགས་ཀྱི་ཨུ་རུ་སུ་རྒྱལ་ཁབ་ཀྱི་སྒྲིག་གཞི་ལ་གཏོར་བརླག་བྱེད་འདོད་མཁན་དག་དང་འཐབ་ར་ནས་ཨུ་རུ་སུ་ལ་འཐབ་ཇུས་ཕམ་ཉེས་འབྱུང་བར་རེ་བ་བཅངས་ཡོད་མཁན་དག་ནི་ཨུ་རུ་སུའི་དགྲ་བོ་ཡིན་ཟེར།
ཕུའུ་ཅིན་གྱིས་བལྟས་ན། ནུབ་ཕྱོགས་ཀྱི་མི་ཁ་ཤས་ལ་མཚོན་ནས་བཤད་ན། ཨུ་རུ་སུའི་མིག་སྔའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་གཞི་ཁྱོན་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ལ། ཁོ་ཚོས་ཨུ་རུ་སུ་ཁ་ཐོར་དུ་གཏོང་འདོད་ཡོད་པར་འདོད། འོན་ཀྱང་ཁོས་དུས་མཉམ་དུ། སྔོན་དང་བསྡུར་ན་ནུབ་ཕྱོགས་ཀྱི་ཝུའུ་ཁི་ལན་གྱི་ཉམས་ལེན་ཐད་ཀྱི་གཏམ་བརྗོད་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་། ནུབ་ཕྱོགས་ཀྱིས་གྲོས་མོལ་གྱི་གནད་དོན་ལ་གྲོས་བསྡུར་བྱེད་འགོ་བརྩམས་ཡོད་ལ། མགྱོགས་མྱུར་སྒོས་འཁྲུག་རྩོད་མཇུག་སྒྲིལ་བར་བྱེད་པའི་ཐབས་ལམ་འཚོལ་བཞིན་ཡོད་ཅེས་ནན་གྱིས་བསྟན།
ཕུའུ་ཅིན་གྱིས་ཨུ་རུ་སུས་མུ་མཐུད་དུ་མཚོན་ཆ་བཟང་བོ་སྤྱད་དེ་ཝུའུ་ཁི་ལན་གྱི་དམག་དོན་ཇུས་ཆོད་ལྟེ་གནས་དང་དམག་དོན་མི་སྣ། གླས་དམག་གཅིག་བསྡུས་ཁུལ་སོགས་དམིགས་འབེན་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བསྟན།
ལྷ་མོ་ཚེ་རིང་གིས་བསྒྱུར།