ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་ཆ་འཕྲིན་མི་སྣས་ཚེས་གཅིག་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཅ་ཧྲ་ས་ཁུལ་གྱི་དབུས་ཕྱོགས་གྲོང་ཁྱེར་ཏའེ་ཨར་པེ་ལ་ཧི་ཡི་སྡོད་ཁུལ་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་ཟེར།
ཆ་འཕྲིན་མི་སྣ་དེས་བཤད་པ་ལྟར་ན། དབྱི་སི་རལ་གྱིས་བར་སྣང་འཇབ་རྒོལ་བྱེད་སྐབས་སྡོད་ཁང་ནང་དུ་ཁྱིམ་ལ་འགྲོ་ས་མེད་པའི་མི་འབོར་ཆེན་ཞིག་ཡོད་ལ། མིག་སྔར་མི་མི་ཉུང་བ་ཞིག་ཞིག་རོའི་འོག་ཏུ་མནན་ནས་རོགས་སྐྱོབ་བྱེད་ཐབས་མེད་ཟེར།
གཞན་ཕ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་སྔ་དྲོ་ནས་བཟུང་ཅ་ཧྲ་ས་ཁུལ་ལྷོ་ཕྱོགས་གྲོང་ཁྱེར་ཧན་ཡུའུ་ཉི་སུ་རུ་མུ་མཐུད་འགས་གཏོར་བཏང་བ་དང་། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་ཟེར།
ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས་གཅིག་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཅ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་མི་བརྒྱ་དང་ང་དྲུག་རྐྱེན་ལམ་དུ་ཤོར་ཟེར། 2023ལོའི་ཟླ10པའི་ཚེས7ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་དུ་འགལ་ཟླ་གསར་བ་བྱུང་པའི་ཚུན་དུ། དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་ལས་མི་ཁྲི་གཉིས་དང་སྟོང་གཅིག་དགུ་བརྒྱ་རྐྱེན་ལམ་དུ་བཏང་བ་དང་། མི་ལྔ་ཁྲི་དྲུག་སྟོང་ལྷག་ལ་རྨས་ཕོག་ཡོད་པ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།